R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢བ
[A:༡༠༢བ]འཁོར་བྱེད་པ་ཕལ་ཆེར་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པ་ཤས་ཆེ་བའི་ཕྱིར། འདི་ལ་དགོངས་ནས་རྗེ་བཙུན་ས་པཎ་དང་ཁོ་བོ་ཅག་གི་ཡོངས་འཛིན་གོང་མ་རྣམས་ཀྱིས་ཚོགས་འཁོར་ལུགས་གཉིས་གསུངས་པ་ཡིད་ཆེས་པའི་གནས་སུ་གྱིས་ཤིག ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་ཚོགས་འཁོར་ལ་དགག་བསྒྲུབ་མི་དགོས་ཏེ། དེ་དག་གི་མཛད་པ་ཐམས་ཅད་ས་ལམ་གྱི་གྲོགས་ཁོ་ནར་འགྱུར་བའི་ཕྱིར་ཞེས་བཤད་ལ། ཡང་གྲུབ་པའི་དགའ་སྟོན་ལས་གལ་ཏེ་ས་པཎ་གྱིས་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད། ཇོ་བོ་རྗེ་དང་། ཁོ་བོའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་ལུགས་འདི་ཡིན་ནོ། །སྡོམ་བརྩོན་རྣམས་དབང་བསྐུར་བ་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ་ཞེས་གསུངས་པས་འགྲུབ་སྙམ་ན། ཇོ་བོ་དང་མཁན་པོ་སོགས་ཀྱིས་བོད་རྣམས་སྣོད་མིན་དུ་དོགས་ནས་མཛད་པ་ཡིན་གྱི། དེ་རང་ལུགས་སུ་མ་ངེས་ཞེས་པའི་ལན་དུ། རྗེ་བསོད་ནམས་རབ་བརྟན་གྱིས་འདིའང་འབྲེལ་མེད་བཞད་གད་ཀྱི་གནས་ཏེ་ཇོ་བོ་དང་མཁན་པོས་དེ་ལྟར་ཡིན་ཟེར་ནའང་། ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་བོད་རྣམས་སྣོད་མིན་དུ་དོགས་ནས་རྒྱ་གར་དུ་དེ་ལྟར་མཛད་ཅེས་པ་ལ་འབྲེལ་མེད་པས་སོ། །གཞན་ཡང་ཇོ་བོ་སོགས་ཀྱིས་བོད་རྣམས་སྣོད་མིན་དུ་དོགས་ནས་ཚོགས་འཁོར་དེ་ལྟར་མཛད་པ་ལ། ཁྱེད་ཀྱིས་བོད་རྣམས་སྣོད་ལྡན་དུ་དགོངས་ནས་ཤ་ཆང་གཙོ་བོར་བསྟེན་པའི་ཚོགས་འཁོར་བྱེད་པ་འགལ་ལོ། །གལ་ཏེ་ས་པཎ་གྱིས་སྡོམ་བརྩོན་གྱི་ལུགས་བཤད་པ་དེ་བརྟན་པ་མ་ཐོབ་པའི་དབང་དུ་བྱས་པ་ཡིན་ན་ཀླུ་སྒྲུབ་སོགས་དེར་