R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣ན
[A:༡༠༣ན]འགྱུར་རོ་ཞེ་ན། དེ་དག་ནི་རང་ཉེས་པས་གོས་དོགས་ཀྱིས་ཚོགས་འཁོར་དེ་ལྟར་མཛད་པ་མ་ཡིན་གྱི། རྗེས་འཇུག་བརྟན་པ་མ་ཐོབ་པ་དག་གིས་གསང་སྔགས་ལ་ཁག་བཏགས་ནས་རྩིང་སྤྱོད་དང་དུ་བླངས་ན་བསྟན་པ་དང་རང་གཞན་ལ་གནོད་པར་འགྱུར་བས་དེ་དགག་པའི་ཕྱིར་ཡིན་ཏེ། དཔེར་ན་སྟོན་པས་ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བསྟན་ནས། ཐུན་མོང་བ་ལ་ཚངས་པར་སྤྱོད་པའི་སྐུར་བསྟན་པ་བཞིན་ནོ་ཞེས་སོགས་གསུངས་སོ། ཡང་གྲུབ་པའི་དགའ་སྟོན་ལས་ས་པཎ་གྱིས་ཚོགས་འཁོར་རྣམ་གཞག་ལས་རྣལ་འབྱོར་པའི་ཚོགས་འཁོར་གསུངས་པ་ནས་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་གྱི་རིམ་པ་བཤད་ཟིན་ཏོ་ཞེས་གསུངས་ལ། སྔ་ཕྱི་གཉིས་མི་མཐུན་ན་ཕྱི་མ་རང་ལུགས་སུ་མཛད་ཅེས་གསུངས་པའི་ལན་དུ། ཆོས་རྗེ་བསོད་ནམས་རབ་བརྟན་གྱིས་དེ་ལ་བརྟགས་ན་ས་པཎ་གྱིས་ཚོགས་འཁོར་ལ་སྡོམ་བརྩོན་གྱི་ལུགས་དང་། རྣལ་འབྱོར་པའི་ལུགས་གཉིས་སུ་གསུངས་པའི་ཕྱི་མ་ས་ལུགས་དང་མི་མཐུན་ཞེས་པར་སོང་འདུག་པ། དེ་ལྟར་ན་ས་སྐྱ་པའི་ཚོགས་འཁོར་དེ་ཀླུ་སྒྲུབ་སོགས་ནས་ཁ་ཆེ་པཎ་ཆེན་གྱི་བར་སོགས་རྒྱ་གར་གྱི་པཎ་གྲུབ་རྣམས་དང་མི་མཐུན་པར་སྨྲ་བ་ནི་ཡ་ང་བའི་གཏམ་མོ། །ལུགས་གཉིས་མི་མཐུན་ཞེས་པའང་གང་ཟག་གཅིག་ལ་ལྟོས་པའི་ཕྱག་ལེན་མི་མཐུན་པ་མ་ཡིན་གྱིས་གང་ཟག་སོ་སོ་ལ་ལྟོས་ནས་མི་མཐུན་པ་སྟེ་སྡོམ་བརྩོན་རྡོར་འཛིན་རྣམས་ཀྱིས་ལུགས་སྔ་མ་ལྟར་བྱ། དེ་ལས་གཞན་པའི་རྡོར་འཛིན་རྣམས་ཀྱིས་ཕྱི་མ་ལྟར་བྱའོ། །དེ་གཉིས་ཆར་ཡང་ས་སྐྱ་པའི་ཕྱག་ལེན་རྣམ་པར་དག་