R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣བ
[A:༡༠༣བ]པའོ་ཞེས་ཁོ་བོ་ཅག་སྨྲའོ་ཞེས་སོགས་གསུངས་པའི་རྗེས་སུ། མདོར་ན་ཚོགས་འཁོར་གྱི་རྣམ་གཞག་གྲུབ་པའི་དགའ་སྟོན་ལས་དགག་པའི་ངལ་བ་མང་དུ་གསུངས་བ་དེ་ཐམས་ཅད་ཚིག་ཟིན་ཙམ་ལ། བདག་ཅག་རྣམས་ཀྱི་འདྲེན་པ་ཀུན་དགའི་མཚན་ཅན་གྱིས་གནང་བའི་ཚོགས་འཁོར་གྱི་རྣམ་གཞག་གསང་བ་ཀུན་རྒྱན་དང་། ཀུན་བཟང་རྣམ་རོལ་གཉིས་ལ་དགག་པ་བརྗོད་ནས། དོན་ལ་རྗེ་བཙུན་ས་པཎ་གྱིས་ཚོགས་འཁོར་རྣམ་གཞག་ཏུ་རབ་བྱུང་སྡོམ་བརྩོན་གྱི་ལུགས་གསུངས་པ་དེ་བཀག་པར་སྣང་སྟེ། དེའང་ཡིད་ཆེས་པའི་ཕྱིར་དུ་ས་པཎ་གྱི་གསུང་བཀོད་པ་ན་ི་ཞེས་གསུངས་ནས། ཆོས་རྗེའི་ཚོགས་འཁོར་ལས་སྡོམ་བརྩོན་གྱི་ལུགས་གསུངས་པ་དེ་འདྲེན་པར་མཛད་དོ། དེ་དག་ནི་ངོར་རྫོང་ལུགས་གཉིས་ཀྱི་བཞེད་པ་རགས་པ་ཙམ་བཀོད་པ་ཡིན་པས་སྐལ་བཟང་རྣམ་དཔྱོད་དང་ལྡན་པ་དག་གིས་རྗེ་བཙུན་ཁུ་དབོན་གཉིས་ཀྱི་ཚོགས་འཁོར་གྱི་རྣམ་གཞག་དང་། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ཚོགས་འཁོར་གྱི་རྣམ་གཞག་སྟོན་པའི་གསུང་རབ་གཉིས། རྡོ་རྗེ་གདན་པ་ཆེན་པོའི་ཚོགས་འཁོར་གྱི་རྣམ་བཤད་གྲུབ་པའི་དགའ་སྟོན། རྗེ་བསོད་ནམས་རབ་བརྟན་གྱིས་མཛད་པའི་ཚོགས་འཁོར་གྱི་རྩོད་སྤོང་ལོག་རྟོག་གི་བྲག་རི་འཇོམས་པའི་རྡོ་རྗེ་ཞེས་བྱ་བ་རྣམས་ལ་ཡང་ནས་ཡང་དུ་ལྟ་རྟོག་གྱིས་ལ་ལེགས་བཤད་ཀྱི་དགའ་སྟོན་སླར་ཡང་སྤེལ་བར་མཛད་དུ་གསོལ།
དེ་ལྟར་གྲུབ་པའི་དགའ་སྟོན་དང་། དེ་ཉིད་ཀྱི་རྩོད་སྤོང་ལོག་རྟོག་གི་བྲག་རི་འཇོམས་པའི་རྡོ་རྗེ་གཉིས་ཀྱི་རྩོད་པ་དང་རྩོད་ལན་རྣམས་ཀྱི་དོན་སོ་སོ་ལ་དཔྱད་རྒྱུ་འགའ་རེ་སྣང་ཡང་ཡི་གེས་འཇིགས་ནས་འདིར་མ་བྲིས་