R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤ན
[A:༡༠༤ན]ལ། གཞན་ཕལ་ཆེར་གསུང་རབ་ཀྱི་དོན་ལ་ཞུགས་ཤིང་དགག་བསྒྲུབ་ཀྱི་སྒོ་ནས་བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པར་སྟོན་པའི་ལེགས་བཤད་བླ་ན་མ་མཆིས་པར་སྣང་མོད། འོན་ཀྱང་གྲུབ་པའི་དགའ་སྟོན་དུ། དེ་བས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཞབས་ཡང་དག་པའི་དགེ་བའི་བཤེས་གཉེན་དུ་བྱེད་ན་སྨྲ་ངན་འདིའི་འགྲོ་བ་ཅིར་འགྱུར་ཞེས་སོགས་དང་། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་རྩ་བའི་ལྟུང་བ་བཅུ་བཞི་པོ་ཐམས་ཅད་བྱུང་བ་དང་། དེ་ལ་བརྟེན་ནས་ངན་སོང་དུ་སྐྱེ་བར་འགྱུར་ཚུལ་གསུངས་པ་རྣམས་ནི་ཧ་ཅང་རྩུབ་མོའི་གསུང་དུ་སྣང་བས། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ་རང་ཉིད་བསླབ་པ་དང་དབང་ལས་རྣམ་པར་གྲོལ་ནས་ཉེས་པར་མི་འགྱུར་བ་ཞིག་ཡིན་ནའང་། རྗེས་འཇུག་མི་ཤེས་པ་དག་གིས་འདི་ཙམ་གྱི་གསུང་ལ་བརྟེན་ནས་སྐྱེས་བུ་དམ་པ་ལ་ལོག་ལྟ་དང་སྐུར་འདེབས་ཀྱིས་སྡིག་གསོག་གི་རྒྱུར་སོང་དོགས་པ་དང་། དེ་བཞིན་དུ་རྗེ་བསོད་ནམས་རབ་བརྟན་གྱིས་རྡོ་རྗེ་གདན་པའི་གསུང་དེའི་ལན་དུ། དེ་ལྟར་སྨྲ་བ་པོ་རང་ཉིད་ལ་ཉན་ཐོས་ཀྱི་བསླབ་པ་ལ་ལྟོས་ན་དགེ་འདུན་ལྷག་མའི་ལྟུང་བ་དང་། རྡོ་རྗེ་ཐེག་པ་ལ་ལྟོས་ན་རྩ་ལྟུང་བཞི་པ་འབྱུང་བར་གསལ་ཏེ་ཞེས་སོགས་གསུངས་པའང་འཇིག་རྟེན་ངན་པའི་ཁ་སྐད་ལྟར་དུ་སྣང་བས། རང་རེ་རྗེས་འཇུག་སོ་སྐྱེ་རྣམས་ཀྱིས་གྲུབ་མཐའི་རྣམ་གཞག་ལ་བཞེད་པ་འཐད་མི་འཐད་ཀྱི་ལུང་རིགས་ཀྱི་དཔྱད་པ་མཛད་པ་ནི། བསྟན་པ་ལ་ཕན་པའི་ཡན་ལག་ཏུ་འགྱུར་ཞིང་། དེ་ལས་གཞན་སྐྱེས་བུ་དམ་པ་ལ་ངན་སྨྲ་དང་སྒྲོ་སྐུར་སོགས་ཀྱི་གྲུབ་མཐའི་བསྟན་པ་འཛིན་མི་ནུས་པས་མཁས་པས་སྤང་བར་བྱ་