R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤བ
[A:༡༠༤བ]སྟེ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། དེས་ན་མཁས་པས་གྲུབ་མཐའི་སྐྱོན། །གཟུ་བོར་བརྗོད་པས་ཚར་གཅོད་ཀྱི། །གང་ཟག་སྐྱོན་དང་བདག་བསྟོད་པ། །ངན་འགྲོའི་རྒྱུ་ཕྱིར་མཁས་པས་སྨད། །ཅེས་དང་། ཆོས་དང་མི་མཐུན་པའི་རྩོད་པ་ངན་འགྲོའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་སྤངས་བར་བྱའོ་ཞེས་སོགས་རྒྱས་པར་གསུངས་པས་སོ།། །།དགུ་པ་གདན་གྱི་དག་པ་སོགས་གོང་མའི་བཀའ་ཡིན་མིན་གྱི་རྣམ་གཞག་ལ། རྗེ་མུས་སྲད་པ་ཆེན་པོས་གོང་མའི་བཀའ་བསྒྲུབ་པ། འཕགས་པ་བསྒྲུབ་པ། བླ་མ་དམ་པ་བསྒྲུབ་པ། ཕྱག་ལེན་བསྒྲུབ་པ་སྟེ་བཞི་པོ་ལ་ལེའུ་རེ་རེར་མཛད་ནས་བསྒྲུབ་པ་རྣམ་བཞིའི་བསྟན་བཅོས་ཞེས་མཚན་དུ་གྲགས་པའི། དང་པོ་གོང་མའི་བཀའ་བསྒྲུབ་པ་ཞེས་བྱ་བ་དེ་ཉིད་ལས། ས་ཆེན་གྱི་བཀའ་བསྒྲུབ་པ། རྩེ་མོའི་བཀའ་བསྒྲུབ་པ། རྗེ་བཙུན་གྱི་བཀའ་བསྒྲུབ་པ། ས་པཎ་གྱི་བཀའ་བསྒྲུབ་པ་དང་བཞིར་མཛད་ནས། དང་པོ་ལ་རྗེས་འབྲངས་ཁ་ཅིག་རང་གིས་བཞག་པའི་ཀྱཻ་རྡོ་རྗེའི་གཞུང་ལུགས་དང་། གཞུང་འདི་འགལ་བར་མཐོང་སྟེ། ཧྭ་ཤང་གིས་དགོངས་པ་ངེས་འགྲེལ་གྱི་མདོ་བལྟས་པ་ལྟར་རྣམ་པར་དག་པ་མ་ཡིན་པར་སྨྲའོ་ཞེས་ཕྱོགས་སྔ་བཀོད་ནས། དེ་ནི་མི་འཐད་དེ། དཀར་ཤཱཀྱ་གྲགས་ཀྱིས་མཛད་པའི་དག་ལྡན་དང་། འཕགས་པ་རིན་པོ་ཆེས་ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ་ཞེས་གསུངས་པ་དང་། དེང་སང་ཡན་གྱི་ས་སྐྱ་པ་རྗེས་འབྲངས་དང་བཅས་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་བྲིས་སྐུ་དང་བཞེངས་སྐུ་སོགས་མཐོང་བ་ཀུན་འདིར་བཤད་པའི་གཞུག་ཚུལ་ཁོ་ན་ལྟར་སྣང་བས་དེ་དག་ཀུན་ཀྱང་ཡི་གེ་འདི་ཚད་མར་