R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥ན
[A:༡༠༥ན]བྱེད་པ་གྲུབ་པའི་ཕྱིར་དང་། ཁྱད་པར་ཁྱེད་རང་གི་བླ་མ་ཤར་ཆེན་གྱིས་གུར་གྱི་སྒྲུབ་ཐབས་སུའང་བཞུགས་ཚུལ་འདི་ཁོ་ན་ལྟར་བཤད་པ་དང་། གྲུབ་ཆེན་བུདྡྷ་ཤྲཱིའི་ཐུགས་དམ་རས་བྲིས་ལའང་འདི་བཞིན་དུ་ཡོད་པར་གྲགས་པས་དེ་དག་ཀྱང་ཚད་མར་མཛད་པ་གསལ་བས། གང་ཟག་དེ་ཙམ་གྱིས་ཚད་མར་མཛད་པས་ཚད་མར་མི་འགྱུར་ན་ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་པ་དང་། རྗེས་འབྲངས་ཁ་ཅིག་སློབ་དཔོན་རིན་པོ་ཆེའི་མཚོ་སྐྱེས་ཀྱི་འགྲེལ་པར་དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་གར་ཞབས་གཡས་པ་གཉིས་ཀྱིས་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ་ཞེས་དང་། མཚོ་སྐྱེས་དབང་ཆོག་ཏུ་བདུད་བཞི་བརྩེགས་པའི་གདན་ལ་ཞབས་གཡས་གཉིས་བརྐྱང་། གཡོན་གཉིས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ་ཞེས་གསུངས་པས། བཞུགས་ཚུལ་འདི་དང་མི་མཐུན་པའི་ཕྱིར་རྣམ་པར་མ་དག་གོ་ཞེས་སྨྲ་བར་གྲག་གོ་ཞེས་མན་ངག་གི་གསལ་བྱེད་ལས་བཤད་པ་དེ་ཕྱོགས་སྔར་འགོད་པར་མཛད་ནས། དེ་ནི་ལུགས་སོ་སོར་མ་ཕྱེད་པའི་བབ་ཅོལ་ཡིན་ཏེ་ལུགས་དེ་དག་མཚོ་སྐྱེས་ཀྱི་དགོངས་འགྲེལ་ཡིན་པའི་ཕྱིར་ཞེས་སོགས་དང་། རིན་ཆེན་འབར་བར་གཡས་བརྐྱང་གཡོན་བསྐུམ་ལྷག་མ་གར་གྱི་ཚུལ་དུ་བཞུགས་པའི་དོན་ཡང་། མདུན་མ་གཉིས་གཡས་པའི་བརླ་ལ་གཡོན་བསྐུམ་བའི་སོར་མོ་སྦྱར་བ་དང་། ལྷག་མ་རྒྱབ་མ་གཉིས་མདུན་མ་ལྟ་བུའི་གར་སྟབས་སོ་ཞེས་འབྲུ་གནོན་དུ་རུང་ན་སློབ་དཔོན་ཐམས་ཅད་དགོངས་པ་གཅིག་པར་འགྱུར་བའི་ཤིན་ཏུ་ལེགས་ཀྱི་གཞན་དུ་ན་སློབ་དཔོན་འདི་གཉིས་མི་མཁས་པར་འགྱུར་བའི་སྐྱོན་ཡོད་དེ་རྒྱུད་དང་