R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥བ
[A:༡༠༥བ]མི་མཐུན་པའི་ཕྱིར་རོ་ཞེས་འབྱུང་བས་བཞུགས་ཚུལ་མཐུན་པར་སྦྱོར་བས་སྐྱོན་མེད་དོ་ཞེ་ན་ཤིན་ཏུ་མི་འཐད་དེ། མདུན་རྒྱབ་གཉིས་བཞུགས་སྟབས་མཐུན་པ་ལ་དུམ་བུར་བྱས་ནས་ཚིག་གིས་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད། གཞན་དག་འགོག་པའི་ཟོལ་གྱིས་རྗེས་བཙུན་གོང་མ་རྗེས་འབྲངས་དང་བཅས་པ་འགོག་པ་ལ་འབད་པར་ཟད་པའི་ཕྱིར་རོ་ཞེས་སོགས་གསུངས་སོ། །དེ་ལ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཚངས་པའི་རིག་སྔགས་ཀྱི་དོན་བསྡུས་དོན་བརྒྱད་པར་དབང་རྫས་ཡོངས་དག་མེད་པའི་བརྒལ་ལན་ལས་འཕྲོས་ནས། ཚུལ་འདི་བསྒྲུབ་པ་བཞི་ལྡན་གྱི། །ལན་དུ་ལུང་རིགས་དང་བཅས་འཆད། །ཅེས་གསུངས་ནས་སྒྲུབ་པ་བཞི་པོ་འདི་ལ་ལན་འདེབས་ཤིག་མཛད་པར་དགོངས་ཀྱང་གསུང་རྩོམ་གནང་ཐུབ་པ་ཞིག་མ་བྱུང་སྣང་བ། འོན་ཀྱང་བཀའ་བསྒྲུབ་ཀྱི་རྗེ་བཙུན་གྱི་བཀའ་བསྒྲུབ་པ་ལ་རྡོར་དྲིལ་གྱི་དེ་ཉིད་སྟོན་པའི་ཡི་གེ་རྗེ་བཙུན་གྱིས་མཛད་པར་གྲགས་པ་དེ་བཀའ་མ་ཡིན་པའི་ཚུལ་ནི་ཚངས་པའི་རིགས་སྔགས་སུ་གསུངས་པས་གོང་དུ་བཀོད་པ་དེ་དག་གིས་ལན་དཔྱིས་ཕྱིན་པ་ཐེབས་པ་ཡིན་ལ། གཞན་སྒྲུབ་པ་བཞི་པོ་འདི་དག་ལ་ངོར་ལུགས་ཀྱི་རྗེས་འབྲངས་དག་གིས་ལན་འདོན་མཛད་པའི་གསུང་རབ་ཁོ་བོས་སྔར་མ་མཐོང་ཡང་། མཁྱེན་རབ་ཀྱི་དབང་ཕྱུག་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཀྱིས་བསྒྲུབ་པ་དང་པོ་འདི་ལ་ལན་དུ་འགྱུར་བ་ཚིག་དོན་མུན་སེལ་ཞེས་བྱ་བ་མཛད་པ། དེ་ལས་མུས་སྲད་པ་ཆེན་པོའི་གསུང་རགས་པ་ཞིག་ཐོག་མར་བཀོད་ནས། ལན་དངོས་ལ་གཞི་མེད་ཀྱི་སྐུར་བ་བཏབ་པར་བསྟན་པ་དང་། གདན་དང་