R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦ན
[A:༡༠༦ན]བཞུགས་ཚུལ་ལ་སྤྲོས་པ་བཅད་པ་གཉིས་སུ་མཛད་ནས། དང་པོ་ལ་རྗེ་བཙུན་ཨ་ནནྡ་བྷ་དྲ་ཉིད་ཀྱིས་མཛད་པའི་གོང་མའི་བཀའ་འབུམ་གྱི་དཀར་ཆག་ན། ས་ཆེན་བཀའ་འབུམ་གྱི་ནང་དུ་ཀྱེ་རྡོ་རྗེའི་གདན་གྱི་དག་པ་ཞེས་དངོས་སུ་སྨོས་ཤིང་། ཀྱེ་རྡོར་རྒྱུད་ཀྱི་བྱུང་ཚུལ་ལས་ཀྱང་དག་ལྡན་ལས་འབྱུང་བ་དང་། གདན་གྱི་དག་པ་ལས་འབྱུང་ཚུལ་ཅུང་ཟད་མི་འདྲ་བའི་ཚིག་གི་ཁྱད་པར་དང་བཅས་ལུང་དུ་དྲངས་ལ། ངོར་ཆེན་གྱི་གསུང་གང་ནའང་འདི་ཚད་ལྡན་མིན་པར་སྟོན་པ་ཚིག་གཅིག་ཀྱང་མེད། འདི་ལ་མཛད་བྱང་མེད་པས་ས་ཆེན་དང་རྗེ་བཙུན་གྱིས་བཀའ་འབུམ་དུ་བསྒྲིགས་པ་ནི་ཅི་རིགས་འབྱུང་ངོ་། །ས་ཆེན་གྱི་གསུང་རྣམས་མཛད་བྱང་མེད་པ་ཤས་ཆེ་ཞེས་རྗེ་བཙུན་ཀུན་དགའ་དབང་ཕྱུག་གསུངས་པས་ས་ཆེན་གྱི་བཀའ་འབུམ་ནང་དུ་འཇུག་པ་འཐད་དམ་སྙམ་མོ། །ཡང་རྗེ་ངོར་ཆེན་གྱིས་ཀྱེ་རྡོར་མངོན་རྟོགས་བསྡུས་པར་ཞབས་མདུན་མ་གཉིས་གཡས་བརྐྱངས་གཡོན་བསྐུམ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཞེས་དངོས་སུ་བཤད་ཅིང་། རྗེ་ཉིད་ཀྱི་ཐུགས་དམ་བྲིས་སྐུ་ལའང་རྩ་བའི་བླ་མ་གཉིས་ཀྱི་སྐུ་སྟེང་དུ་བཀྲམ་གདན་གྱི་ཚུལ་བྲིས་ཡོད་པས། བཀྲམ་གདན་ཐམས་ཅད་མ་དག་པར་གསུང་ངོ་ཞེས་པ་ཁྱོད་ཀྱིས་སུ་ལས་ཐོས་ཞེས་གསུངས་ལ། གཉིས་པ་གདན་དང་བཞུགས་ཚུལ་ལ་སྤྲོས་པ་བཅད་པ་ལ། གདན་གྱི་བདུད་བཞི་ནི་རྒྱ་གཞུང་དག་ལས་མི་འདྲ་བ་མང་ཡང་རང་རང་གི་བླ་མ་གྲུབ་ཐོབ་ཀྱི་གསུང་འགྲོས་ཡིན་པས་དག་མ་དག་གི་དགག་སྒྲུབ་མི་ནུས་ལ། འཁྲུལ་སྤོང་གི་མཆོད་བརྗོད་ལས་གཙོ་བོའི་གདན་གསུམ་པ་འཇུག་སེལ་ཏེ། ཁྱབ་འཇུག་