R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦བ
[A:༡༠༦བ]ལ་བཤད་པའང་ཡོད་པས་རྣམ་གྲངས་མི་འདྲ་བ་ཅུང་ཟད་ལ་སྐྱོན་དུ་གཟུང་བར་མི་བྱའོ། །ས་སྐྱ་པ་ལ་ཀྱེ་རྡོར་བཀའ་བབས་བཞི་བྱུང་བའི་མཚོ་སྐྱེས་དང་། མན་ངག་ལུགས་ལ་ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ཡིན་ཏེ། རྩེ་མོའི་མཚོ་སྐྱེས་དཀྱིལ་ཆོག་ཏུ་དེ་དངོས་སུ་གསུངས་ཤིང་། མཚོ་སྐྱེས་སྒྲུབ་ཐབས་དང་། མན་ངག་ལུགས་ཀྱི་ཡན་ལག་བཞི་དྲུག་གཉིས་ཆར་དུ་བརྩེགས་གདན་གསུངས་པས་སོ། གལ་ཏེ་རྩེ་མོས་གཡས་བརྐྱང་དང་གཡོན་བསྐུམ་སྐྱིལ་ཀྲུང་གིས་དག་པ་གསུངས་པས་གཡས་བརྐྱང་བ། གཡོན་བསྐུམ་པ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པ་བསྟན་ནོ་སྙམ་ན་སྐྱིལ་ཀྲུང་ཕྱེད་པ་དེ་ལ་གཡས་བརྐྱང་གཡོན་བསྐུམ་ཚང་བས་དེའི་དག་པ་སྟོན་པ་སྟེ་མཚོ་སྐྱེས་འགྲེལ་པར། དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་གར་ཞབས་གཡས་པ་གཉིས་ཀྱིས་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ། །དེའི་གཡས་བརྐྱང་བ་ནི་ཐུགས་རྗེས་སེམས་ཅན་ལ་ཆགས་པའོ། །གཡོན་བསྐུམ་པ་ནི་ཤེས་རབ་ཀྱིས་ཆོས་གང་ཡང་མི་འཛིན་པར་བཏང་བའོ་ཞེས་གསུངས་སོ། །གཞན་དུ་ན་བདེ་མཆོག་ལ་རྡོར་དྲིལ་འཛིན་པའི་ཕྱག་གཉིས་ལས་གཞན་པའི་ཕྱག་གཉིས་ཀྱིས་ཡུམ་ལ་འཁྱུད་དགོས་པར་འགྱུར་ཏེ། རྗེ་བཙུན་གྱིས་རྡོར་དྲིལ་འཛིན་པ་དང་ཡུམ་ལ་འཁྱུད་པ་གསུམ་གྱིས་དག་པ་གསུམ་སོ་སོར་གསུངས་པའི་ཕྱིར་རོ། །འགྲེལ་ལུགས་ཀྱི་གཞུང་རྣམས་ལས་གསལ་ཁ་མི་སྣང་ཡང་། རིན་ཆེན་འབར་བར་ཉི་མར་ཞབས་གཡས་ཞེས་སོགས་ཀྱི་དོན་མདུན་མ་གཉིས་གཡས་བརྐྱང་གཡོན་