R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧ན
[A:༡༠༧ན]བསྐུམ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་མངོན་ཏེ། རྗེ་བཙུན་གྱིས་གདན་གྱི་རྣམ་གཞག་ལས་གཙོ་བོའི་ཞབས་ཕྱེད་ཀྲུང་གིས་ཚངས་པ་དང་། གཡས་བརྐྱངས་པས་དབང་ཕྱུག གཡོན་བསྐུམས་པས་གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་རྣམས་ཀྱི་སྙིང་ག་ནས་མནན་པ་དང་། ཡུམ་གྱི་གཡོན་པས་བརྒྱ་བྱིན་གྱི་སྙིང་ག་ནས་མནན་པར་གསུངས་པའང་འདི་ལ་དགོངས་པས་བཀྲམ་ལྡན་གྱི་ཚེ་ཡབ་ཀྱི་ཞབས་གཡས་བརྐྱང་བ་གསུམ་དང་། ཡུམ་གྱི་གཡོན་བརྐྱང་བས་བདུད་བཞི་མནན་ནས། བསྐུམ་པ་གཉིས་ཀྱིས་མནན་རྒྱུ་མེད་པ་ལ་བྱ་དགོས་པར་སྣང་ངོ་། །མདོར་ན་གསུང་ཚུལ་སོ་སོ་མ་གཏོགས་སྦྱར་ཚུལ་གང་ལ་སྦྱར་ཀྱང་ཡང་དག་པ་རེ་འབྱུང་བས་འགལ་བ་མེད་པ་འདྲའོ་ཞེས་མན་ངག་གི་གསལ་བྱེད་ལས་གསུངས་པ་འདིས་ལོག་རྟོག་ཐམས་ཅད་སེལ་ནུས་ལ། ཀུ་མུ་ཏིར་ཞབས་གཡས་བརྐྱངས་པའི་བརླ་ལ་གཡོན་པའི་སོར་མོ་སླེབ་ཅིང་། གཡས་པའི་ཞབས་ཀྱི་རྩེས་བདུད་བཞིའི་སྙིང་གར་མནན་པ་གསལ་བར་གསུངས་པ་དང་། རྗེ་བཙུན་ཀུན་དགའ་བཟང་པོས་ཀྱེ་རྡོར་བཅུ་བདུན་མའི་མངོན་རྟོགས་སུ་གསུངས་པའི་བཞུགས་ཚུལ་འཁྲུལ་སྤོང་གི་མཆོད་བརྗོད་དང་། མི་ཐུབ་ཟླ་བའི་བདུད་བཞིའི་སྙིང་གར་ཉམས་དགའི་གནས་སུ་སེམས་ཅན་དོན་མཛད་དགྱེས་ཞེས་པ་དང་། སྒྱི་ཆུ་བའི་དཀའ་འགྲེལ་ལས་ཀྱང་གཙོ་བོ་བདུད་བཞི་བརྩེགས་པའི་གདན་ཞེས་གསུངས་པ་རྣམས་ཀྱིས་བདུད་བཞི་མཉམ་པར་མནན་པའི་བཞུགས་ཚུལ་འདི་གྲུབ། དེས་ན་འགྲེལ་ལུགས་ཀྱིའང་ཀུ་མུ་ཏི་དང་ཡན་ལག་དྲུག་པར་ཡང་བརྩེགས་གདན་བཤད་པ་ཁས་