R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨ན
[A:༡༠༨ན]ནམ་སྙམ་མོ་ཞེས་གསུངས་ཤིང་། ཡང་ཁྱེད་རང་ལྟར་ན་ཡི་གེ་དེ་ཞང་བྱ་རུ་བས་མཛད་དོ་ཟེར་བ་དང་། གོང་མའི་ཡི་གེར་མི་གསལ་བ་རྣམས་རྗེས་འབྲངས་ཀྱི་ཡི་གེར་བཤད་པ་ལ་ཚད་མར་བྱེད་དོ་ཟེར་བར་གྲགས་པས་དཀྱིལ་འཁོར་གྱི་ཚད་འཆད་པ་ན་ཡི་གེ་འདི་ཚད་མར་བྱེད་དགོས་ཏེ། གཞན་རྩིས་སུ་བྱེད་པའི་གོང་མ་རྗེས་འབྲངས་དང་བཅས་པ་སུས་ཀྱང་ཁུང་ཅུང་ཟད་ཙམ་ཡང་མེད་ཅིང་། ཞང་བྱ་རུ་བའི་ཁྲིད་ཀྱི་སྔོན་འགྲོ་མི་བྱེད་པ་ཚད་མར་བྱེད། འདི་ཚད་མར་མི་རུང་བའི་རྒྱུ་མཚན་མེད་པའི་ཕྱིར་རོ་ཞེས་པའི་ལན་དུ། གློ་བོ་མཁན་ཆེན་རིན་པོ་ཆེས་རྗེ་བཙུན་ཁུ་དབོན་གྱི་སློབ་མ་ཞང་བྱ་རུ་བས་བྱས་པའི་གཞལ་ཡས་ཁང་གི་རྣམ་གཞག་ཀྱང་ཡོད་དོ་གསུངས་པ། རྗེ་རྡོ་རྗེ་འཆང་གི་དངོས་སློབ་དག་གསུང་བ་ཐོས་ཀྱི། ཡི་གེ་འདི་ཞང་བྱ་རུ་བས་བྱས་པ་ཡིན་ནོ་གསུང་བ་མ་ཐོས་ཤིང་། ཞང་བྱ་རུ་བས་ཁྲིད་ཀྱི་སྔོན་འགྲོ་མི་བྱེད་པའི་རྒྱུ་མཚན་གསལ་པོ་ཞིག་ཁྱེད་ཀྱིས་གསུངས་ཤིག དེ་ནས་དེའི་ལན་འདོན་པར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་རྗེ་བཙུན་གྱི་བཀའ་བསྒྲུབ་པ་ལ་མུས་སྲད་པ་ཆེན་པོས་དེ་ཁོ་ན་ཉིད་གསུམ་གྱི་མན་ངག་རྗེ་བཙུན་གྱི་བཀར་བསྒྲུབ་པ་དང་། དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་གཞུང་ཤིང་རྗེ་བཙུན་གྱི་བཀར་བསྒྲུབ་པ་གཉིས་སུ་མཛད་ནས། དང་པོ་ལ་རྗེས་འབྲངས་ཁ་ཅིག་བཟླས་པའི་སྐབས་སུ་འཕགས་པ་རིན་པོ་ཆེས་མཛད་པའི་ཕར་འཁོར་གྱི་མན་ངག་བཀག་པས་ཡི་གེ་འདི་ཉིད་དུ་ཕར་འཁོར་གསལ་བར་བཤད་པས་རང་གི་དེ་མ་བདེན་པར་དོགས་ནས་ཡི་གེ་འདི་ལ་སྐུར་པ་བཏབ་པ་ཡིན་ནོ་ཞེས་ཕྱོགས་སྔ་བཀོད་ནས། དེ་མི་