R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨བ
[A:༡༠༨བ]འཐད་དེ་རྗེ་བཙུན་གྱིས། སྨིན་བྱེད་ལྟུང་བའི་རྣམ་གཞག་སྒྲུབ་ཐབས་བཞི། །ཞེས་སོགས་ཀྱིས་ཡིག་ཆའི་གྲངས་སྟོན་པའི་ཕྱིར། རྡོ་རྗེ་དྲིལ་བུ་བགྲང་འཕྲེང་དགང་བླུགས་དང་། །ཞེས་པ་འདིས་ཀྱང་ལག་ལེན་གྱི་ཡི་གེ་སྟོན་བྱེད་ཡིན་ན་གཞན་རྣམས་ལ་ཡི་གེ་ཡོད་ལ། འདི་ལ་མེད་པའི་རྒྱུ་མཚན་མེད་ལ། རྒྱུད་འགྲེལ་ན་ཡོད་པ་ལ་ཁ་འཕངས་ཟེར་ན་གཞན་རྣམས་ལའང་མཚུངས་སོ། དེ་དག་བཤད་པ་ཙམ་དང་ལག་ལེན་དུ་བསྒྲིགས་པའི་ཁྱད་པར་ཡོད་ན་འདི་ལའང་མཚུངས། ཡི་གེའི་གྲངས་སྟོན་པ་མ་ཡིན་པར་ལས་དང་པོ་པ་ལ་དགོས་པ་བསྒྲིགས་པ་ཙམ་ཡིན་ན་བྲིས་སྐུ་དང་གླེགས་བམ་སོགས་མང་དུ་འཆད་དགོས་པས་ཉུང་བའི་ཕྱིར་དང་། ཡེ་ཤེས་དང་དམ་ཚིག་གི་དྲིལ་བུ་གོ་ནོར་བས་རྣམ་དག་མིན་ན། གནད་ཀྱི་གསལ་བྱེད་དུ། ཡང་ན་ཡེ་ཤེས་ནི་རྣམ་པ་ལྔ་སྟེ། རྡོ་རྗེ་འདིའི་རྩེ་མོ་ལྔ་པའི་རྣམ་པར་དག་པའང་ཤེས་པར་འགྱུར་རོ་ཞེས་བླ་མ་གོང་མ་རྣམས་གསུངས་སོ་ཞེས་པའང་རྣམ་དག་མིན་པར་འགྱུར་ལ། གནད་ཀྱི་གསལ་བྱེད་དུ་ལྷའི་རྣམ་དག་སྦྱར་བ་དང་མི་མཐུན་པས་ཟེར་ན། དབང་ཆུར་དེ་ལ་དེ་བཞིན་གཤེགས་པ་ལྔ་དང་། ཡུམ་ལྔ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་མོ་ལ་སོགས་པ་རྡོ་རྗེའི་དེ་ཁོ་ན་ཉིད་ཡོངས་སུ་རྫོགས་པ་མོས་པ་བསྐྱེད་ལ་ཞེས་གསུངས་པའང་མ་དག་པར་འགྱུར་རོ། །དེའི་ཕྱིར་རྔོག་པའི་རྗེས་འབྲངས་དག་གི་ཡི་གེའོ་ཞེས་པ་ནི། གཞན་རང་ཚིག་ལ་ཡིད་ཆེས་བསྐྱེད་པའི་ཟོལ་ཙམ་མོ་ཞེས་གསུངས་སོ། །དེ་དག་གི་ལན་དུ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས། དེ་དག་ནི་མི་རིགས་ཏེ་ད་ལྟ་རྗེ་བཙུན་གྱིས་མཛད་པར་གྲགས་པའི་དེ་ཁོ་ན་ཉིད་གསུམ་གྱི་མན་ངག་ཏུ་