R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]ཡིན། སྤྱིར་བདེ་ཀྱེའི་དབང་གི་སྔོན་དུ་སེམས་བསྐྱེད་བྱེད་ཅེས་པའང་བསྟན་པ་སྤྱིའི་བབས་འགྲོས་ལ་བརྟེན་ནས་བསྒྲིགས་པར་སྣང་བས། དེ་ལྟར་ན་བྱང་སྡོམ་གྱི་སྔོན་དུ་སོ་ཐར་དགོས་པས་གསོལ་བཞིའི་ཆོ་གས་བསྙེན་རྫོགས་ཞིག་ཀྱང་སྐབས་དེར་བྱ་རིགས། དེས་ན་སམྦུ་ཊ་ལས། དཀྱིལ་འཁོར་དུ་འཇུག་གོང་སེམས་བསྐྱེད་མཛད་པར་བཤད་ཀྱང་ཕྱག་ལེན་མི་སྣང་། འོན་ཀྱང་སྐྱོན་མེད་དེ་སྟ་གོན་གྱི་སྐབས་སུ་འབྱུང་ཞིང་། དེས་མི་རུང་བའང་མ་ཡིན་ཏེ། ཕྱག་ལེན་ཏལ་མ་ལ་ངོར་པ་རང་ཡང་མི་བྱེད་པས་སོ་ཞེས་པར་སྣང་ངོ་། །དེ་དག་ལ་རང་གི་གོ་ཚོད་ཀྱིས་རྣམ་དབྱེ་ཅུང་ཟད་ཕྱེ་ན། ངོར་ལུགས་ལ་དབང་གི་སྔོན་དུ་མཛད་པའི་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་པའི་ཕྱག་ལེན་འདི་སྔོན་ནས་མེད་ཅིང་སེམས་སྐྱེད་ཀྱི་སྡོམ་རྒྱུན་ཡང་མེད་པར་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་སྒོ་རུམ་དཔེ་ཁང་ནས་རྙེད་པ་དེ་ནས་བཟུང་ཡི་གེ་དེ་ལ་བརྟེན་ནས་གསར་དུ་མཛད་པ་ཡིན་ན། མཁས་མཆོག་རྡོ་རྗེ་རྒྱལ་མཚན་གྱིས་སེམས་བསྐྱེད་བརྒྱུད་པ་མེད་པ་དང་ཞེས་པའི་དཔྱད་པ་དེ་འཇུག་ཏུ་རུང་ནའང་། ངོར་ལུགས་ལ་སེམས་བསྐྱེད་ཀྱི་སྡོམ་རྒྱུན་ཡོད་པ་གཞིར་བཅས་ཤིང་། དབང་གི་སྔོན་དུ་སེམས་བསྐྱེད་འབོགས་པའི་ཕྱག་ལེན་ཞིག་ཀྱང་སྔ་མོ་ནས་ཡོད་འདུག་པས། སླར་ཕྱག་ལེན་དེ་དང་མཐུན་པའི་ཡི་གེ་དེ་རྙེད་པ་ན་ཡི་གེ་དེ་སྟེང་ནས་སེམས་བསྐྱེད་མཛད་པས་ན་ཡི་གེ་དེའི་ལུང་རྒྱུན་མེད་ཀྱང་སྡོམ་པའི་རྒྱུན་མེད་པར་མ་ངེས་ཏེ། དབུ་མ་ལུགས་ལྟ་བུའི་སེམས་བསྐྱེད་ཀྱི་ངོ་བོ་དང་། ཡི་གེ་དེའི་བརྗོད་བྱའི་སེམས་བསྐྱེད་ཀྱི་ངོ་བོ་ལ་ཁྱད་པར་མེད་པས་སོ། །དེ་ཙམ་དུ་མ་ཟད་རྗེ་རྡོ་