R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡བ
[A:༡༡བ]རྗེ་འཆང་གིས་བསྟན་པའི་རྒྱུན་ལ་དགོངས་པའི་ཐུགས་ཀྱི་ལྷག་བསམ་འདི་ལ་རང་གཞན་ཀུན་གྱིས་རྗེས་སུ་ཡི་རང་དང་གུས་པའི་ཐལ་མོ་སྙིང་ནས་སྦྱོར་རིགས་ཏེ། དེའི་རྒྱུན་མཚན་གྱིས་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་གོང་མ་ཕལ་ཆེར་ཡང་ཕྱག་ལེན་གཙོ་བོར་དེ་བཞིན་དུ་མཛད་པའི་དགོངས་བཞེད་ཀྱང་དེ་ཡིན་ནོ། །མཁན་ཆེན་བཟང་བཀྲས་པས་ཡི་གེ་དེ་རྗེ་བཙུན་གྱི་གསུང་མིན་པའི་ཤེས་བྱེད་དུ། མཁན་ཆེན་ཤེས་རྡོར་བས་གསན་པའི་རྗེ་བཙུན་གྱི་བཀའ་འབུམ་གྱི་ནང་ན་མེད་པ་བཀོད་ཀྱང་། ངོར་ལུགས་ལའང་ཡི་གེ་དེ་ལ་ལུང་རྒྱུན་མེད་པར་བཞེད་པས་ཤེས་བྱེད་རྣམ་དག་ཏུ་འགྲོ་བ་དཀའ་ཞིང་། སྒྱི་ཆུ་བ་བུདྡྷ་ཤྲཱིའི་དེ་ལྟར་ན་བྱང་སྡོམ་གྱི་སྔོན་དུ་སོ་ཐར་དགོས་པས་སྐབས་དེར་གསོལ་བཞིའི་ཆོ་གས་བསྙེན་རྫོགས་ཞིག་ཀྱང་བྱེད་རིགས་ཞེས་དབང་གི་སྔོན་དུ་བྱང་སྡོམ་དང་། དེའི་སྔོན་དུ་སོ་ཐར་དགོས་པ་ཙམ་ལ་དགོངས་ནས་བྱང་སྡོམ་དང་བསྙེན་རྫོགས་ཀྱི་སྡོམ་པ་གཉིས་མཚུངས་པ་བསྒྲེ་བར་མཛད་ཀྱང་དེ་གཉིས་མི་མཚུངས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་མ་སོང་བར་དཀྱིལ་འཁོར་དུ་འཇུག་ཏུ་མི་རུང་བ་ནི། རིགས་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ཀྱང་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་བསྟེན་པ་ལ། །ང་ཡི་གསང་སྔགས་བསྟན་ན་ཕུང་བར་འགྱུར། །ཞེས་པ་ལ་སོགས་པ་རྒྱུད་སྡེ་ཕལ་ཆེར་ལས་གསུངས་ཤིང་། བྱང་སྡོམ་གྱི་རྟེན་དུ་སོ་ཐར་གྱི་སྡོམ་པ་ཙམ་དགོས་ཀྱང་། བསྙེན་རྫོགས་ཀྱི་སྡོམ་པ་ངེས་པར་དགོས་པའི་བཤད་ཚོད་མི་སྣང་བས་སོ། །གཉིས་པ་རྗེས་བཟུང་ལ་གྲངས་ངེས་ཡོད་མེད་ཀྱི་རྣམ་གཞག་ནི། ངོར་ལུགས་ལ་ལམ་