[A:༡༤བ]དགོས། དེ་བྱས་ན་ནི་སྣང་གསུམ་གྱི་ཁྲིད་ཚར་གཉིས་ཟློས་པ་ཅན་དུ་འབོགས་དགོས་པར་འགྱུར་རོ་ཞེས་གསུངས། ཡང་གོང་གི་མུས་སྲད་པ་ཆེན་པོའི་གསུང་དེའི་ལན་དུ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཚངས་པའི་རིགས་སྔགས་སུ་རྗེས་འཛིན་གྱི་རྣམ་གཞག་སྤྱིར་བསྟན་པ་དང་། སྐབས་དོན་གྱི་དངོས་ལན་འཕྲོས་དང་བཅས་པ་གཉིས་སུ་མཛད། དང་པོ་ལ་སྤྱི་རྒྱུད་ཀྱི་རྗེས་འཛིན་གྱི་རྣམ་གཞག་དང་། ལམ་འབྲས་པའི་རྗེས་འཛིན་བཤད་པ། གཉིས་ཀ་ལྟར་ཡང་རྒོལ་བ་ལ་འགལ་བ་སྟེ་གསུམ་དུ་མཛད་ནས་ཤིན་ཏུ་རྒྱས་པར་འབྱུང་བ་རྣམས་ཅུང་ཟད་བསྡུས་ཏེ་བཀོད་ན། དང་པོ་ལ་སྤྱི་རྒྱུད་ལས། ལས་ཀུན་བྱེད་པའི་གསང་སྔགས་ཀྱི། དེ་ལས་སློབ་མ་ཡོངས་སུ་བཟུང་། །བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུར་བཟླས། །སློབ་མ་རྣམས་ནི་བློས་བསམ་ནས། །མཉམ་པར་བཞག་པས་མདུད་པ་བོར། །དེ་ལྟར་སློབ་མ་ཡོངས་བཟུང་ནས། །ལས་ལ་བགེགས་ནི་མེད་པར་འགྱུར། །ཞེས་པས་སློབ་མ་རྗེས་བཟུང་དངོས་དང་། སང་ནི་དཀྱིལ་འཁོར་བྲི་བ་ཡི། །ཞེས་སོགས་ཀྱིས་སྟ་གོན་གྱི་སྦྱོར་བ་དང་ལྷ་སྟ་གོན་སོགས། དེ་ནས་སློབ་མ་ལེགས་བརྟགས་ཏེ། །ཞེས་སོགས་ཀྱིས་སློབ་མའི་མཚན་ཉིད་དང་ཀུན་སློང་གི་བསམ་པ། མཁས་པས་སློབ་མ་གཅིག་གམ་གསུམ། །ཞེས་པ་ནས། སྟ་གོན་གནས་པར་བརྩམ་པར་བྱ། །ཞེས་པའི་བར་གྱིས་སློབ་མའི་གྲངས་དང་ལུས་ཀྱི་སྤྱོད་ལམ། དང་པོ་གསུམ་ལ་སྐྱབས་སུ་བཏང་། །ཞེས་སོགས་ཀྱིས་སློབ་མ་སྟ་གོན་གྱི་ཆོ་ག་དངོས་བསྟན་པ་ཡིན་ནོ་གསུངས། གཉིས་པ་ལ་དབང་ཆུ་ལས་དབང་བསྐུར་དོན་དུ་