R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥ན
[A:༡༥ན]གཉེར་བའི་སློབ་མ་ལ། སྔར་གསང་སྔགས་ལ་ཞུགས་པ་དང་། ཐེག་ཆེན་ལ་ཞུགས་པ་དང་། ཉན་ཐོས་ལ་སོགས་པའི་ལམ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་དང་བཞི་ལས། དང་པོ་གཉིས་ལ་དེ་མ་ཐག་རྗེས་བཟུང་བྱར་རུང་བ་དང་། གསུམ་པ་ལ་བཞི་པའི་ནང་ཚན་གཞན་དུ་རྫོགས་བྱང་འདོད་པ་དང་། ངེས་ལེགས་ཙམ་འདོད་པ་རྣམས་ལ་དཔོན་སློབ་འབྲེལ་བརྟགས་ཏེ་སེམས་བསྐྱེད་ནས་རྗེས་སུ་བཟུང་བར་བཤད་ཅིང་། གང་ཟག་ཐ་མ་མངོན་མཐོ་ཙམ་དོན་དུ་གཉེར་བ་ཡིན་ན་དེ་མ་ཐག་རྗེས་བཟུང་མི་བྱ་བར་ཐུན་མོང་བའི་ལམ་གྱིས་བློ་རིམ་གྱིས་སྦྱངས་ཏེ་སེམས་བསྐྱེད་ལ། གཟོད་རྗེས་བཟུང་གི་མིང་ཅན་སློབ་མས་གསོལ་བ་གདབ་པ་དང་། སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་བསྲུང་བ་དང་། བསྙེན་པའི་སྟབས་སུ་གཞུག་པ་རྣམས་བྱ་བར་བཤད་ཞེས་གསུངས། གསུམ་པ་ལ་རྒོལ་བ་ཁྱོད་ཀྱི་རྗེས་བཟུང་ལ་སྤྱི་རྒྱུད་ལས་བཤད་པའི་སློབ་མ་ལ་སྔགས་དང་ཏིང་ངེ་འཛིན་དང་། སྲུང་སྐུད་བཏགས་ཏེ་སྲུང་བ་བྱེད་པ་སོགས་ཚང་བར་བྱེད་པའི་སྲོལ་མེད་པ་དང་། དེར་གྲངས་ངེས་དགོས་པའི་དམིགས་བསལ་མ་བཤད་པ་ལ་གྲངས་ངེས་འདོད་པས་ཁྱེད་ཀྱི་དེ་སྤྱི་རྒྱུད་ལུགས་ཀྱི་རྗེས་འཛིན་ཡང་མ་ཡིན། སློབ་མའི་རིགས་བརྟགས་པའི་སྒོ་ནས་ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་དགོས་པའི་གང་ཟག་ཐ་མ་རྣམས་རིམ་ཅན་པའི་ལམ་གྱིས་རྒྱུད་སྦྱང་བ་སོགས་བྱས་ནས། གཟོད་དབང་བསྐུར་བ་དེ་ཁྱེད་ཀྱི་རྗེས་བཟུང་གི་ལག་ལེན་ལ་མེད་པས་ལམ་འབྲས་ཀྱི་ལུགས་ཀྱི་རྗེས་བཟུང་ཡང་མིན་གསུངས། དོན་ཚན་གཉིས་པ་སྐབས་དོན་གྱི་དངོས་ལན་