R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]ཕྱིར་དང་། སྤྱི་རྒྱུད་ཀྱི་གྲངས་ངེས་དེ་རྗེས་འཛིན་གྱི་གྲངས་ངེས་མིན་པའི་ཕྱིར་དང་། དབང་ཆུ་ནས་བཤད་པའི་གྲངས་ངེས་དེ་རྗེས་འཛིན་གྱི་གྲངས་ངེས་མིན་པའི་ཕྱིར། རྣམ་སྣང་མངོན་བྱང་གི་ལུང་དེས་ཀྱང་རྒྱུད་སྡེ་གསུམ་ལ་གྲངས་ངེས་ཡོད་པ་བཀག་པའི་ཕྱིར་ཏེ། དེས་ཀྱེ་རྡོར་གྱི་རྗེས་འཛིན་ལོ་གྲངས་ངེས་ཡོད་པ་བཀག་པ་གང་ཞིག བདེ་མཆོག་སོགས་ལ་མཚུངས་པའི་ཕྱིར། འཕགས་པ་རིན་པོ་ཆེའི་རྩ་རྒྱུད་ཀྱི་ཊཱིཀྐ་ཡོད་པར་མ་གྲགས་ཤིང་། དཀར་ཆག་སྔ་རྟིང་རྣམས་སུའང་མ་བྱུང་བས་གཞན་ཞིག་གིས་འཕགས་པའི་མཚན་སྦྱར་བའམ། ཁྱོད་རང་གིས་མེད་བཞིན་དུ་མཐོང་བ་ཁོ་ནའོ། །གཞན་ཡང་ཁྱོད་ཀྱི་སྤྱི་རྒྱུད་ཀྱི་རྗེས་འཛིན་འཆད་པའི་སྐབས་སུ། སྐབས་འདིར་གྲངས་ངེས་ཡོད་པའི་དམིགས་བསལ་ཀྱང་མ་བྱུང་བས་མི་འཐད་ལ་ཞེས་དང་། གྲངས་ངེས་མེད་པའི་ཤེས་བྱེད་དུ་འཕགས་པའི་རྩ་རྒྱུད་ཀྱི་ཊཱིཀྐར་རྣམ་སྣང་མངོན་བྱང་གི་ལུང་དྲངས་པ་བཀོད་པ་དང་། ཡང་འཕགས་པའི་རྩ་རྒྱུད་ཀྱི་ཊཱིཀྐར་སྤྱི་རྒྱུད་ཀྱི་དགོངས་པས་གྲངས་ངེས་ཡོད་པ་དང་། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་གཉིས་ཀ་སློབ་མ་རྗེས་འཛིན་གྱི་སྐབས་སུ་སྐྱོན་མི་ནུས་པར་བཤད་པས་གཉིས་ཀ་ལྟར་ཡང་མི་འགལ་བ་ཉིད་དུ་འདོད་དོ་ཞེས་གསུངས་ན། འདི་ལྟ་བུའི་འགལ་བའི་ཁུར་ཆེན་གྱིས་དུབ་པར་མ་གྱུར་ཏམ། རང་ཉིད་ཀྱིས་སྨྲས་པའི་རིགས་སྔགས་ཀྱིས་བཅིངས་པར་གསལ་ལོ་ཞེས་ཕྱོགས་སྔ་མའི་བཞེད་པ་ལ་གནོད་བྱེད་དུ་མ་བརྗོད་ནས། རང་གི་བཞེད་པ་འགོད་པ་ན། དེས་ན། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། ལྷག་མ་དམིགས་