R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠ན
[A:༢༠ན]བསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེས་ཡོད། །འདི་ནི་གསང་བ་སྤྱི་རྒྱུད་ལས། །མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་བཟུང་བ་མི་ཤིས་སོ། །དེའི་རྒྱུན་མཚན། དེ་བས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །དེ་ཡི་མཚན་མོ་མ་ཚར་ན། །ཆོ་ག་ཉམས་པ་རྒྱལ་བས་གསུངས། །ཉམས་ན་ཅིར་འགྱུར་ཞེ་ན། དཔལ་ལྡན་དམ་པ་དང་པོ་ལས། ཆོ་ག་ཉམས་པའི་བྱིན་རླབས་ཀུན། །བགེགས་ཀྱི་ཡིན་པར་རྒྱལ་བས་གསུངས། །ཡིན་པས་ཅི་སྟོ་སྙམ་ན། བགེགས་ཀྱིས་བསོད་ནམས་མ་ལུས་འཛད་པར་བྱེད། །ཅེས་དང་། རྗེ་བཙུན་གྱིས་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་དང་། དེ་སྨིན་པར་བྱེད་པ་དབང་བསྐུར་བའི་མངོན་རྟོགས་སོ། །དང་པོ་ནི། རྒྱུད་འདི་ལས་གསལ་པོ་ཙམ་མ་གསུངས་ཀྱང་། སློབ་མས་གསོལ་བ་གདབ་པ་ནི། སམྦུ་ཊ་ལས། སློབ་མས་པུས་མོའི་ལྷ་ང་ནི། །ས་ལ་དད་པས་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་བསྟོད་པ་ཡིས། །སྟོན་པ་ལ་ནི་ཞུ་བར་བྱ། །ཞེས་དང་། དེ་ལྟར་ཆོ་ག་རྒྱུད་གསུམ་དུ་མི་གསལ་བ་རྣམས། ཇི་ལྟར་དེ་ཉིད་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་བཤད་པས། དེ་ཉིད་འདུས་པ་དང་གསང་བ་སྤྱི་རྒྱུད་ལས་རྟོགས་པར་བྱའོ་ཞེས་དང་། རྗེ་ས་པཎ་གྱིས། གང་དུ་ལས་ནི་ཡོད་གྱུར་ལ། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལ། །གསུངས་པའི་ཆོ་ག་མཁས་པས་བསྟེན། །དེ