R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠བ
[A:༢༠བ]་སྐད་གསུངས་ཕྱིར་ཆོ་ག་འདི། །རྒྱུད་རྣམས་ཀུན་ལ་འཇུག་པ་ཡིན། །ཞེས་སོགས་མཐའ་ཡས་པ་གསུངས་ལ་སྔར་ཁྱོད་ཀྱིས་དྲངས་པའི་རྣམ་སྣང་མངོན་བྱང་གི་ལུང་དེ་ནི་སྤྱོད་རྒྱུད་ཀྱི་ལུགས་ལ་གྲངས་ངེས་མི་དགོས་པའི་ལུང་ཡིན་ཞིང་། སྤྱི་རྒྱུད་ཀྱི་ལུང་ནི་རྒྱུད་སྡེ་གཞན་གསུམ་ལ་གྲངས་ངེས་དགོས་པའི་ལུང་ཡིན་ན་འདི་འདྲ་བའི་ལུང་སྦྱོར་ནི་ས་སྐྱ་པའི་རྗེས་སུ་འཇུག་བཞིན་དུ་རྒྱུད་སྡེ་ཕན་ཚུན་དཀྲུག་པར་ཟད་དོ། །གཞན་ཡང་སྤྱི་རྒྱུད་ལས། སློབ་མ་རྗེས་སུ་བཟུང་བ་གང་། །སྟ་གོན་གནས་དེར་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །ཇི་སྐད་གསུངས་པའི་ལས་རྣམས་བྱ། །ཞེས་གསུངས་པ་ཉིད་ཀྱང་སློབ་མ་བརྒྱ་སྟོང་གྲངས་མེད་ལ་དུས་གཅིག་ཏུ་རྗེས་འཛིན་གྱི་ཆོ་ག་བྱེད་པ་བཀག་པ་ཡིན་ཏེ། དབང་བསྐུར་གྱི་གྲངས་ཀ་ཚང་བའི་ཕྱིར་རྗེས་བཟུང་བྱས་པ་ཚེའི་དུས་བྱས་པ་དེ་ཉིད་ཀྱི་རྟེན་ལ་ཆོ་ག་བྱ་དགོས་པ་བྱུང་བ་ཡིན་པས་སོ། །གཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་ལེགས་པར་དཔྱོད་ཅིག་ཅེས་གསུངས། དེ་ལྟར་བཤད་པའི་དགོངས་དོན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་གོང་དུ་བཀོད་པ་དེ་ཙམ་གྱིས་རྟོགས་ནུས་ཀྱང་། བློ་དམན་དག་གིས་གོ་སླ་བའི་ཕྱིར་བཤད་མ་ཐག་པ་དེ་དག་གི་དོན་གྱི་སྙིང་པོ་བླངས་ནས་བཀོད་ན། རྗེ་མུས་སྲད་པ་ཆེན་པོའི་གསུང་དེའི་སྙིང་པོ་ནི། སློབ་མ་རྗེས་འཛིན་ཉེར་ལྔ་ལས་ལྷག་པ་མང་པོ་ལ་དུས་གཅིག་ཏུ་བྱེད་པ་ནི་སྤྱི་རྒྱུད་དང་དབང་ཆུ་ཆེན་མོ་དང་འགལ་ཞིང་། དབང་གི་སློབ་མ་སྟ་གོན་ལ་གྲངས་ངེས་ཁས་ལེན་པ་དང་འགལ་བས་ལུང་རིགས་ཀྱི་སྒོ་ནས། ངོར་ལུགས་ཀྱི་ཕྱག་ལེན་ལ་མཛད་པའི་སློབ་མ་རྗེས་འཛིན་གྲངས་ངེས་མེད་པར་བྱེད་པ་འདི་མི་