R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣ན
[A:༢༣ན]རྣམས་བྱ། །སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོང་བར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པོར་གཞུག །ཅེས་གསུངས་སོ། །འདིའང་རྗེས་བཟུང་གི་སློབ་མ་དངོས་གཞིའི་དུས་གཏན་མི་སླེབ་པའི་དབང་དུ་བྱས་པ་ནི་མིན་པ་འདྲ་སྟེ། ཡིན་ན་དེ་དག་ལ་སྟ་གོན་བྱས་པ་ལ་དགོས་པ་མེད་པའི་ཕྱིར། གྲངས་ཚང་བ་ཁོ་ནའི་ཆེད་ཡིན་ན་ནི་རྗེས་བཟུང་གི་དུས་ལས་གཉིས་དང་། བཞི་དང་། དྲུག་དང་། བརྒྱད་ལ་སོགས་པ་མ་ཚང་ན་སྐྱིན་པོ་གཞུག་མི་དགོས་པར་འགྱུར་རོ། །འོ་ན་སྐྱིན་པོ་ལ་སྟ་གོན་བྱས་པའི་དགོས་པ་ཅི་ཞེ་ན། སྟ་གོན་གྱི་ཚེ་སྐྱིན་པོ་བཅུག་ནས། དངོས་གཞིའི་དུས་སུ་རང་ཉིད་ཀྱིས་དབང་བླང་ཆོག་པའི་རྒྱུ་མཚན་གྱིས་ཡིན་ཏེ། དེ་ལས་གཞན་དུ་སྐྱིན་པོ་དེ་ལ་དབང་བསྐུར་བ་ཡིན་ན་ནི། གཟུགས་བརྙན་དེ་ལའང་དབང་སྐུར་བར་ཐལ་བའི་ཕྱིར་དང་། རྗེས་སུ་མ་བཟུང་བ་ཞིག་ལ་དབང་བསྐུར་བར་ཐལ་བའི་ཕྱིར་རོ། འདིའང་བྱ་བའི་རྒྱུད་དུ་སྟ་གོན་གྱི་ཆོས་ཉུང་ངུ་ཞིག་གིས་ཆོག་པའི་དབང་དུ་བྱས་སམ་སྙམ་སྟེ་དཔྱད་པར་བྱའོ་ཞེས་དང་། གཉིས་པའི་རང་ལན་དུ། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་ཁ་འཆམས་ཁ་ཡར་གྱི། །ངེས་པ་མེད་མོད་གྲངས་མེད་མིན། །བཅུ་ལས་ལྷག་པ་བཀག་ཕྱིར་རོ། །དེ་ལྟ་ན་ཡང་རྗེས་བཟུང་གི །སློབ་མའི་གྲངས་ལ་ངེས་པ་མེད། སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །ཚད་མེད་བཟུང་ཞེས་གསུངས་ཕྱིར་རོ། །ཞེས་ལན་འདེབས་ཏེ། རྣམ་སྣང་མངོན་བྱང་ལས། འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་ཞེས་སོགས་དྲངས་ནས། དེ་ལྟར་ན་གཞུང་འདི་ལྟར་