R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣བ
[A:༢༣བ]དུ། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་རྗེས་བཟུང་གྲངས་ངེས་མེད། །ལྷག་མ་དམིགས་བསལ་མཛད་པ་ཡིན། །ཞེས་སྦྱར་ན་བདེ་གསུངས། སྤྱི་རྒྱུད་དང་མངོན་བྱང་གི་རྗེས་འཛིན་ལ་གྲངས་ངེས་ཡོད་མེད་ནི་བརྟགས་ནས་རྗེས་སུ་འཛིན་པ་དང་། རྗེས་སུ་བཟུང་ནས་བརྟག་པའི་ཁྱད་པར་དུ་སྣང་ངོ་། །དཀྱིལ་འཁོར་དུ་འཇུག་པ་ལ་ནི་བརྟག་མི་དགོས་པར་གྲངས་མེད་རྗེས་སུ་བཟུང་བས་ཆོག་སྟེ། དེ་ཉིད་འདུས་པ་ལས། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དུ་གྱུར་མ་གྱུར་བརྟག་མི་འཚལ་ལོ་ཞེས་གསུངས་པས་སོ་ཞེས་པ་དང་། དྲི་བ་གསུམ་པའི་རང་ལན་དུ་སྤྱི་རྒྱུད་ལས། རྗེས་འཛིན་ལ་ཉེར་ལྔ་མན་ཆད་ཀྱི་གྲངས་ངེས་མཛད་པ་དེ་དབང་ཆུའི་དགོངས་པར་གདོན་མི་ཟའོ། བླ་མ་རྣམས་ཀྱི་ཕྱག་ལེན་དུ་མཛད་པ་ནི་མངོན་བྱང་ལས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་རྒྱུར་འགྱུར་བའི་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་གྲངས་ངེས་མ་མཛད་པའམ། ཡང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚར་གཅིག་ལས་མི་མཛད་པའི་དབང་དུ་བྱས་ནས་རྗེས་བཟུང་གི་གྲངས་ཉེར་ལྔ་ལས་ལྷག་པ་མ་བཤད་དོ་ཞེས་ཀྱང་བསམ་པར་བྱའོ་ཞེས་གསུངས། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་རྗེས་འཛིན་བྱས་པའི་སློབ་མ་ཇི་ཙམ་ཚང་ཡང་ལྷག་མ་རྣམས་ལ་དབང་བསྐུར་བའི་ཚེ་སྟ་གོན་གྱི་སྐབས་སུ་གྲངས་ངེས་ཡོད་པ་རེ་བྱས་ནས་དེ་དག་ལ་དབང་གི་དངོས་གཞི་བསྐུར་བ་ཤིན་ཏུའང་རུང་ཞིང་སློབ་མ་རྗེས་འཛིན་གཞན་འོས་པ་ཅི་རིགས་པ་ལ་བྱེད་པའམ། སློབ་མ་རྗེས་འཛིན་མ་བྱས་པ་ལའང་སྟ་གོན་གྱི་ཆོ་ག་བྱས་ནས་