R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤ན
[A:༢༤ན]དབང་བསྐུར་བ་བྱ་རུང་ཞིང་། རྗེས་འཛིན་བྱས་པའི་སློབ་མ་སྟ་གོན་གྱི་དུས་སུ་མེད་པ་ལའང་ཡོད་བཞིན་དུ་མ་འཛོམ་པ་དང་། ཤི་ནས་མེད་པ་སོགས་དུ་མ་འབྱུང་བས་ལྷག་མ་རྣམས་ལ་དབང་མ་བསྐུར་བར་ལམ་བསྟན་དུ་རུང་བ་ནི་མ་ཡིན་ནོ། །ཁ་འཆམས་ལ་དབང་བསྐུར་བྱས་ན་སྐྱེ་ལ་ཉེས་བྱས་ཡིན་ཟེར་བ་ནི་སྐྱེ་ལ་ཉེས་བྱས་དང་ཉེས་མེད་ཀྱི་ཐ་སྙད་རྣམས་འདུལ་བ་ལ་གྲགས་ཀྱི། གསང་སྔགས་ལ་སྦྱར་ན་ལྷམ་དཔེ་ཞྭ་ལ་བཀབ་པ་ལས་མ་འདས་ལགས་ཞེས་རབ་འབྱམས་པ་བློ་གྲོས་རབ་གསལ་གྱི་དྲིས་ལན་ལས་གསུངས་སོ། །ཡང་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་སྡོམ་གསུམ་རྣམ་བཤད་ཀྱི་འཕྲོས་དོན་ལས། ཀུན་མཁྱེན་དང་པཎ་ཆེན་གྱི་བཞེད་པ་བཀོད་པའི་རྗེས་སུ། ཟུང་དུ་མ་གྱུར་སློབ་མ་གང་། །ཞེས་པ་སློབ་མ་རྗེས་བཟུང་ཡིན་པ་ཐུགས་མད་དེ། །དེ་ལྟར་སློབ་མ་རྗེས་བཟུང་ཚར་བ་རྣམས་སྟ་གོན་བྱ་རན་པའི་ཚེ་འགའ་ཞིག་མེད་ཟིན་པའམ་མ་སླེབས་པ་ལ་གཟུགས་བརྙན་འདྲི་བ་དང་ཚབ་བཅུག་ནས་ཁ་སྐོང་བར་གསུངས་པས་ཀྱང་ཤེས་ནུས་པའི་ཕྱིར། དེའང་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོང་བར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པོར་གཞུག །ཅེས་གསུངས་ཏེ། རྗེས་འཛིན་ཚར་བའི་སློབ་མ་སྟ་གོན་གྱི་གོང་དུ་ཚེ་ཕྱི་མར་འཕོས་ཚར་ན་དེའི་བྱང་བུ་ལྟ་བུ་ལ་དགུག་ཞུགས་བྱས་ཏེ་དབང་གྲལ་དེར་བཞག་ནས་སྟ་གོན་