R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤བ
[A:༢༤བ]དང་དངོས་གཞིའི་དབང་བསྐུར་བས་ཁ་སྐོང་ཞིང་ཁོའི་སྡིག་སྦྱོང་དུ་འགྱུར་བ་དང་། གལ་ཏེ་ན་བའམ་ཕྱོགས་ཆེ་གེ་མོར་འགྲོ་དགོས་བྱུང་བའི་རྐྱེན་གྱིས་མ་སླེབ་པ་ལ་ན་རྗེས་འཛིན་མ་བྱས་ཀྱང་ཚབ་གཞན་བོས་ནས་སྟ་གོན་བྱ་བ་ཡིན་ནོ། །དགོས་པ་ནི་ཁ་སྐོང་བའི་ཆེད་དང་། དངོས་གཞིའང་ཚབ་དེ་ཉིད་ལ་བསྐུར་བས་དེ་ཉིད་ཀྱིས་དབང་ཐོབ་པར་འགྱུར་ལ། སྟ་གོན་ལ་མ་སླེབ་པ་ལ་དེའི་དངོས་གཞི་བྱ་མི་རུང་ངོ་། །ཡང་སྟ་གོན་བྱས་པ་དངོས་གཞི་ལ་མེད་པའམ་མ་སླེབ་ན་ཇི་ཙམ་ཚོགས་པ་དེ་ལ་དངོས་གཞི་བསྐུར་གྱི། གཟུགས་བརྙན་དང་ཚབ་ནི་མི་བྱ་སྟེ། སྤྱི་རྒྱུད་ཀྱི་ལུང་སྔར་དྲངས་པའི་འཕྲོས་ལས། སྟ་གོན་གནས་པ་བྱས་པ་ལ། །གལ་ཏེ་དེར་ནི་མ་འོངས་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་སློབ་མ་གཞན་མི་བཟུང་། །ཞེས་གསུངས་པའི་ཕྱིར། པཎ་ཆེན་གྱིས་རྗེས་འཛིན་གྱི་སློབ་མ་དངོས་གཞི་ལ་སླེབ་ངེས་པའི་དབང་དུ་བྱས་ནས་གཟུགས་བརྙན་དང་སྐྱིན་པོ་བཅུག་པ་ཡིན་གྱི། གཞན་དུ་ན་གཟུགས་བརྙན་དང་སྐྱིན་པོ་ལ་སྟ་གོན་བྱས་པ་ལ་དགོས་པ་མེད་གསུང་བ་ནི་རྒྱུད་ཚིག་དེ་དག་གི་དོན་ལ་ཐུགས་གཡེལ་བར་ཟད་དོ། །དེ་ལྟར་སྤྱི་རྒྱུད་ཀྱི་ལུང་དེས་སློབ་མ་རྗེས་བཟུང་བསྟན་ཡང་། རྗེས་འཛིན་གྱི་གྲངས་ཀྱིས་དབང་དུས་ཀྱི་གྲངས་ཀྱང་འགྲུབ་པ་ཡིན་ཏེ། རྗེས་བཟུང་གྲངས་ཇི་ཙམ་དང་མཐུན་པར་ཕྱིས་དབང་ཡང་གྲངས་དེ་དག་ལ་བསྐུར་བ་ཡིན་པའི་ཕྱིར། དེང་སང་ལམ་འབྲས་པ་ཕལ་ཆེར་སློབ་མ་རྗེས་འཛིན་ལ་གྲངས་ངེས་མི་མཛད་པ་ནི་ཕྱག་ལེན་ཟོར་བདེ་བ་ཙམ་སྟེ། ཕྱག་ལེན་དོག་པར་བྱས་ན་ལམ་འབྲས་དང་མ་འབྲེལ་ཡང་སློབ་མ་རྗེས་འཛིན་དང་བསྙེན་པ་ཁ་གསོ་དགོས་སོ་