R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥ན
[A:༢༥ན]ཞེས་གསུངས་ལ། དེ་ལྟར་མཁས་པའི་བཞེད་སྲོལ་རྣམ་གྲངས་མང་པོ་ཞིག་བཤད་པ་དེ་དག་ལ་རང་གིས་གོ་ཚོད་ཀྱིས་རྣམ་དབྱེ་ཅུང་ཟད་ཕྱེ་ན། མཁས་མཆོག་རྡོ་རྗེ་རྒྱལ་མཚན་གྱིས་དབང་གི་སྟ་གོན་དང་དངོས་གཞིའི་སློབ་མ་ལ་གྲངས་ངེས་ཡོད་ན་སློབ་མ་རྗེས་འཛིན་ལ་ཡང་གྲངས་ངེས་དགོས་གསུང་པ་འདི་སྤྱིར་བཏང་ལ་རྒྱུད་སྡེའི་དགོངས་པར་གནས་ཏེ། སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་བཟུང་བ་མི་ཤེས་སོ། །ཞེས་གསུངས་པ་དང་། དབང་ཆུ་ཆེན་མོར། དེ་ལྟར་འབྲེལ་པ་བརྟགས་ནས་མཚན་ཉིད་དང་ལྡན་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྲངས་ཁ་ཡར་བ་གཟུང་བར་བྱའི། དེ་བས་ལྷག་པ་དཀྱིལ་འཁོར་གཅིག་ཏུ་གཟུང་བར་མི་བྱ་སྟེ་ཞེས་གསུངས་ནས། སྤྱི་རྒྱུད་ཀྱི་ལུང་དེ་འདྲེན་པར་མཛད་པ་དང་། ཁྱད་པར་ཆོས་རྗེ་ས་སྐྱ་པཎྚི་ཏ་ཆེན་པོའི་སྡོམ་གསུམ་རབ་དབྱེར། སྔགས་ཀྱི་དབང་བསྐུར་བྱེད་པ་ན། །གྲངས་ངེས་མེད་པར་དབང་བསྐུར་བྱེད། །འདི་ནི་རྡོ་རྗེ་འཆང་གིས་བཀག །སྤྱོད་པའི་རྒྱུད་ཀྱི་དབང་སྐུར་ལ། །སློབ་མ་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་བསལ་མཛད་པ་ཡི། །སློབ་མ་ལ་ནི་གྲངས་ངེས་ཡོད། །ཅེས་སྤྱོད་རྒྱུད་ཀྱི་དབང་ལ་གྲངས་ངེས་མེད་པ་དམིགས་བསལ་དང་། ལྷག་མ་རྒྱུད་སྡེ་གཞན་གསུམ་གྱི་དབང་ལ་གྲངས་ངེས་ཡོད་པས། གྲངས་ངེས་མེད་པར་དབང་བསྐུར་བྱེད་པ་བཀག་པའི་ཤེས་བྱེད་དུ། མཁས་པས་སློབ་མ་གཅིག་གམ་