R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥བ
[A:༢༥བ]གསུམ། །ཞེས་སོགས་གཅིག་ནས་ཉེར་ལྔའི་བར་གྲངས་ཁ་འཆམས་དང་། དེ་བས་ལྷག་པ་ལ་རྗེས་བཟུང་མི་བྱེད་པར་སྟོན་པའི་སྤྱི་རྒྱུད་ཀྱི་ལུང་དེ་འདྲེན་པར་མཛད་པས་སོ། །ཡང་རྗེས་བཟུང་གི་གྲངས་ངེས་དེས་སྟ་གོན་གྱི་གྲངས་ངེས་ཀྱང་འགྲུབ་པ་ལ་དགོངས་ནས་རྗེས་བཟུང་ཉེར་ལྔ་ལས་ལྷག་པ་མི་རུང་བའི་ཤེས་བྱེད་དུ། དེ་བས་ལྷག་པའི་སློབ་མ་ལ། །ཞེས་སོགས་ཉེར་ལྔ་ལས་ལྷག་པ་ལ་བྱས་ན་ཆོ་ག་ཡོངས་རྫོགས་མཚན་མོ་གཅིག་ལ་ཚར་མི་ནུས་པ་སོགས་དབང་ལ་སྦྱར་ནས་གསུངས་པས་སོ། །དེ་ལས་གཞན་དུ་རྗེས་བཟུང་གི་གྲངས་ཀྱིས་སྟ་གོན་དང་དབང་གི་གྲངས་མི་འགྲུབ་ན་དབང་བསྐུར་ཉེར་ལྔ་ལས་ལྷག་པ་མི་རུང་བའི་སྒྲུབ་བྱེད་དུ་ཉེར་ལྔ་ལས་ལྷག་པ་རྗེས་སུ་མི་བཟུང་བའི་སྤྱི་རྒྱུད་ཀྱི་ལུང་དང་། རྗེས་བཟུང་དེ་ལས་ལྷག་པ་ལ་མི་རུང་བའི་ཤེས་བྱེད་དུ་དབང་གི་ཆོ་ག་མཚན་མོ་གཅིག་ལ་མི་ཚར་བ་རྣམས་འབྲེལ་མར་གསུང་བ་ལ་རྣམ་དཔྱད་མེད་པར་འགྱུར་བས་སོ། །པཎ་ཆེན་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཉེར་ལྔ་ལས་ལྷག་པ་ལ་ཆོ་ག་མཚན་མོ་གཅིག་ལ་ཚར་མི་ནུས་པ་འདི་སློབ་མ་སྟ་གོན་གྱི་དབང་དུ་བྱས་པ་ཡིན་ཏེ། རྗེས་བཟུང་ནི་མཚན་ཕྱེད་ཚུན་ལ་མི་ཚར་བའི་དོགས་པ་སྐྱེ་དོན་མེད་ལ། སློབ་མ་སྟ་གོན་གྱི་ཆོ་གའི་མགོ་ཉི་མ་ནུབ་པ་ནས་བརྩམ་མཚན་ཕྱེད་ཚུན་ལ་ཚར་དགོས་ཤིང་། དེའང་རྨི་ལམ་བརྟག་དགོས་པ་སོགས་ཀྱི་གནད་ཀྱིས་ཡིན་པས་སོ་ཞེས་བཞེད་ལ། གློ་བོ་མཁན་ཆེན་རིན་པོ་ཆེ་ལ་རབ་འབྱམས་པ་བློ་གྲོས་རབ་གསལ་གྱིས་དབང་ཉི་མ་ནུབ་པ་ནས་ཉི་མ་མ་ཤར་གྱི་བར་ལ་མཛད་པར་གསུངས་པ་ལ། དེང་སང་ཉིན་བར་མཛད་པ་ལ་ལུང་རིགས་