R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན]གནང་དགོས་ཞུས་པའི་ལན་དུ། རྒྱུད་སྡེ་ནས་གསུངས་པའི་དངོས་བསྟན་ལ་ཇི་ལྟར་ཡོད་པའི་ཕྱག་ལེན་དེ་རྣམས་ད་ལྟ་དུས་ཀྱི་སྟོབས་ཀྱིས་ཇི་ལྟ་བ་བཞིན་དུ་མཛད་པ་རྒྱ་བོད་ཀྱི་བླ་མ་ཕྱི་མ་ཕལ་ཆེར་བ་གཅིག་ལའང་མ་བྱུང་འདུག་ཅིང་། དེ་ལ་ལུང་རིགས་ཀྱི་ཤེས་བྱེད་གཞན་འགོད་རྒྱུ་མེད་ཀྱང་། བསྟན་པ་དར་ནུབ་ཀྱི་བབས་ལ་སོང་ནས་སྡོམ་པ་གསུམ་ཆར་གྱི་ཕྱག་ལེན་གྱི་རིམ་པ་དེང་སང་གི་དུས་སུ་ཆ་མཚུངས་པ་ཙམ་ལ་གཙོ་བོར་བྱེད་དགོས་པ་ཡིན་ནམ་སྙམ་པ་བྱུང་ལགས། འདི་ཙམ་དུ་མ་ཟད་དབང་བསྐུར་ཡུལ་དང་། བསྐུར་བ་པོ་སློབ་དཔོན་དང་། ཇི་ལྟར་བསྐུར་བའི་ཆོ་གའི་གནད་ཆེ་བ་ཀུན་དུ་ཡང་ལེགས་པར་དཔྱད་ན་ཇི་ལྟར་ཡོད་དགོངས་པར་བཞུགས་ཤིང་། དུས་སྐབས་འདི་འདྲ་བ་ལ་དགོངས་ནས། སྡོམ་གསུམ་རབ་དབྱེ་ལས། དེས་ན་ཉན་ཐོས་བསྟན་པ་ནི། །ནུབ་ཀྱང་གཟུགས་བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ལ། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་གསུངས་པར་གོ་ལགས་ཞེས་བཤད་དོ། །ཡང་ངོར་ལུགས་ཀྱི་བླ་མ་དག་སློབ་མ་མང་པོ་དུས་གཅིག་ལ་རྗེས་འཛིན་གྱི་ཕྱག་ལེན་མཛད་པའི་དགོངས་དོན་ནི། དེ་ལྟར་བྱས་པ་ལ་ཉེས་པ་མེད་ཅིང་ཕྱག་ལེན་ཟོར་བདེ་བ་དང་། རྣམ་སྣང་མངོན་བྱང་དུ་རྗེས་འཛིན་གྲངས་མེད་བཤད་པ་དེ་དམིགས་བསལ་དུ་བཞེད་པ་ཡིན་པས་རྗེས་འཛིན་ལ་གྲངས་ངེས་མེད་ཀྱང་སློབ་མ་སྟ་གོན་དང་དངོས་གཞི་གཉིས་ལ་གྲངས་ངེས་མཛད་པ་འདི་ནི་རྒྱུད་སྡེ་ཟབ་མོའི་དགོངས་དོན་ཚུལ་བཞིན་དུ་དགོངས་པའི་ཕྱག་ལེན་དུ་སྣང་ལ། ཅི་སྟེ་རྒྱུད་ཀྱི་སྤྱིར་བཏང་གི་བཤད་ཚོད་ཀུན་ངེས་པར་དགོས་ན་རྒྱུད་སྡེ་