R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦བ
[A:༢༦བ]གོང་མ་གཉིས་དང་བྱ་རྒྱུད་ཀྱི་དབང་ལ་སྤྱིར་བཏང་ཉེར་ལྔ་མན་ཆད་ཀྱི་གྲངས་ངེས་དགོས་པ་ཀུན་མཐུན་མོད། འོན་ཀྱང་དམིགས་བསལ་ལ་སྤྱི་རྒྱུད་ལས། སྟ་གོན་གནས་པར་བྱས་པ་ལ། །གལ་ཏེ་རྐྱེན་གྱིས་མ་འོངས་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་སློབ་མ་གཞན་མི་བཟུང་། །ཞེས་སློབ་མ་ཉེར་ལྔ་ལ་སྟ་གོན་བྱས་པའི་གཅིག་ལྟ་བུ་མ་ཚང་ན་གཞན་མི་འཇུག་པར་ཉེར་བཞི་ལ་དབང་བསྐུར་བས་ཆོག་པར་བཤད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་བརྒལ་ལན་ཚངས་པའི་རིག་སྔགས་ལས་རྗེས་འཛིན་གྱི་སློབ་མའི་གྲངས་ངེས་རྣམ་སྣང་མངོན་བྱང་དང་མཐུན་པར་ཁས་ལེན་པ་དེའི་ཚེའང་། དབང་བསྐུར་གྱི་སློབ་མའི་གྲངས་ངེས་སྤྱི་རྒྱུད་ནས་བཤད་པ་ལྟར་འདོད་པས་ཞེས་འབྱུང་བས། ངོར་ལུགས་ཀྱི་རྗེས་འཛིན་ལ་གྲངས་ངེས་མེད་པ་འདི་རྣམ་སྣང་མངོན་བྱང་གི་དགོངས་པ་བཞིན་མཛད་པར་རྟོགས་སོ། །རྒྱུ་མཚན་དེས་ན་རྫོང་ལུགས་ཀྱི་བཞེད་པ་འདི་རྒྱུད་སྡེ་སྤྱིར་བཏང་གི་བཤད་ཚུལ་ཕྱག་ལེན་དོག་ཕྱོགས་ནས་བསྟན་པ་ལ་དགོངས་ཤིང་། ངོར་ལུགས་ཀྱི་བཞེད་པ་འདི་རྒྱུད་སྡེའི་དམིགས་བསལ་གྱི་བཤད་ཚུལ་ཕྱག་ལེན་ཡང་ཕྱོགས་ལ་དགོངས་པར་སྣང་བས་ཕྱོགས་གཉིས་ཆར་རྒྱུད་སྡེའི་དགོངས་པ་དང་མི་འགལ་ཞིང་འཐད་ལྡན་དུ་ཁོ་བོས་ལེགས་པར་རྟོགས་སོ། །པཎ་ཆེན་རིན་པོ་ཆེའི་དྲི་བ་དེ་དག་ལ་ཀུན་མཁྱེན་ཆེན་པོས་སྡོམ་གསུམ་འཁྲུལ་སྤོང་དུ་དྲི་བ་ཕྱི་མ་གཉིས་ལ་ལན་མ་མཛད་ལ། དང་པོའི་ལན་དུ་སྤྱི་རྒྱུད་ལས། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཅར་སློབ་མ་གཉིས། །དབང་བསྐུར་བ་ནི་