R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠བ
[A:༣༠བ]རྒྱུད་སྡེ་གོང་མ་རྣམས་སུ་རང་རང་ན་གསལ་ཁ་ཡོད་པ་རྣམས་དེ་ཁ་གཙོ་བ་དང་། ཅི་སྟེ་གོང་མར་དབང་གི་གནས་སྐབས་སོགས་སུ་གསལ་ཁ་ཆེར་མེད་པ་ན་འོག་མ་ནས་བླང་ཆོག་པ་དང་། ལེན་དགོས་པར་སྟོན་པ་ཉིད་ཀྱིས་གསུངས་པ་དག་སྦྱར་བ་ཡིན་གྱི། རྒྱལ་བས་མ་གསུངས་པ་ཞིག་རང་བཟོ་མཛད་ནས་ལུང་སྦྱོར་དུ་བཤད་པ་མིན་པའི་ཕྱིར། འོ་ན་སྟོན་པས་བླ་མེད་སོགས་ཀྱི་དབང་གི་སློབ་མའི་གྲངས་ངེས་བྱ་རྒྱུད་ལས་ལེན་པར་གང་དུ་བཤད་སྙམ་ན། དོགས་པ་འདི་ལྟ་བུ་སྔོན་གྱི་དུས་སུའང་བྱུང་ཞིང་། མ་འོངས་པ་ན་ཁྱོད་ལྟ་བུ་འབྱུང་བར་ཆོས་ཀྱི་རྗེའི་ཡེ་ཤེས་ཀྱི་གཟིགས་པས་ལེགས་པར་མཁྱེན་ནས་སྡོམ་གསུམ་རབ་དབྱེ་ལས་བླ་མེད་སོགས་ཀྱི་དབང་གི་སློབ་མ་ཉེར་ལྔ་ལས་ལྷག་པ་མི་རུང་བ་སྤྱི་རྒྱུད་ཀྱི་ལུང་དང་སྦྱར་བའི་རྗེས་སུ། འདི་ནི་བྱ་བའི་རྒྱུད་ཡིན་པས། །གཞན་གྱི་ཆོ་ག་མིན་སྙམ་ན། །གཞན་རྣམས་ཀུན་ལ་འདི་འཇུག་པ། །སྤྱི་རྒྱུད་ཉིད་ལས་འདི་སྐད་གསུངས། །ཞེས་བཀའ་སྩལ་བར་སྣང་ཞིང་། དེས་ན་སྟོན་པས། གང་དུ་ལས་ནི་ཡོད་གྱུར་ལ། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་སྤྱི་རྒྱུད་དུ་གསུངས་པ་འདིས་རྒྱུད་སྡེ་གང་དུ་དབང་བསྐུར་བ་ལ་སོགས་པའི་ལས་ནི་ཡོད་ལ། སློབ་མའི་གྲངས་སོགས་ལས་ཀྱི་ཆོ་ག་གསལ་པོ་མེད་པ་རྣམས་སྤྱི་རྒྱུད་འདི་ནས་བཤད་པ་ལྟར་བྱའོ་ཞེས་བསྟན་པས། ཆོས་རྗེ་ས་པཎ་གྱིས་ལུང་སྦྱོར་དེ་ལྟར་མཛད་པ་འདི་ནི་རྡོ་རྗེ་འཆང་གི་རྒྱུད་ཀྱི་དགོངས་པ་བླ་ན་མེད་པ་ཡིན་ལ། ཁྱེད་ཀྱིས་བྱ་རྒྱུད་ལས་དུས་འཁོར་བཙན་པས་དེ་ལྟར་མི་རིགས་ཞེས་པ་ནི་རྡོ་རྗེ་འཆང་ལ་རྒོལ་