R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡ན
[A:༣༡ན]བར་སོང་བས་ཤིན་ཏུ་ཡ་ངའོ། །གཞན་ཡང་ཁྱེད་ཀྱིས་བརྟག་གཉིས་དྲི་བའི་ཡང་ལན་དུ་འཐད་ལྡན་གྱི་རིགས་པས་བརྟགས་ན་ཞེས་སོགས་ཀྱང་མི་འཐད་དེ། སྤྱི་རྒྱུད་ཀྱི་ལུང་དེ་རྒྱུད་སྡེ་གོང་མ་ལ་སྦྱར་དུ་རུང་བ་ནི་རྡོ་རྗེ་འཆང་གིས་གསུངས་ཚུལ་བཤད་ཟིན་པ་དེ་ཡིན་ལ། རྣམ་སྣང་མངོན་བྱང་གི་ལུང་དེ་གོང་མ་ལ་སྦྱོར་བར་སྟོན་པའི་རྡོ་རྗེ་འཆང་གིས་གསུངས་པའི་ལུང་ཡོད་ན་ཁྱོད་ཀྱིས་སྟོན་ཅིག་དང་། དེ་འདྲ་མེད་པས་འདིའང་སྟོན་པ་ལ་རྒོལ་བར་སོང་ངོ་། །ཡང་ཁྱེད་ཀྱི་དུས་འཁོར་བྱ་རྒྱུད་ལས་བཙན་ཞེས་པ་བླ་མེད་ནང་ཕན་ཚུན་ཡིན་པས་ཞེས་པར་སྣང་བ་འདིའང་ཕྱོགས་གཅིག་མ་གཟིགས་པའི་གསུང་སྟེ། བླ་མེད་སྤྱི་ལ་ཁ་སྐོང་དགོས་པ་དག་རྒྱུད་སྡེ་འོག་མ་ནས་འགང་བ་རྒྱུད་ཉིད་ལས། ཇི་ལྟར་དེ་ཉིད་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་པ་དང་། གང་དུ་ལས་ནི་ཡོད་གྱུར་ལ། །ཞེས་སོགས་གསུངས་པས་གསལ་བ་ཡིན་ལ། བླ་མེད་སྤྱི་ལ་དུས་འཁོར་གྱི་རྒྱས་འགེབས་པའི་ཚད་ལྡན་གྱི་ལུང་གིས་ཟིན་སོ་མེད་པའི་ཕྱིར། ཡང་དུས་ཀྱི་འཁོར་ལོར་ཉེར་ལྔ་ལས་ལྷག་པ་ལ་དབང་བསྐུར་བྱ་བ་གནང་བའི་རྒྱུ་མཚན་ལ་ཡང་ལན་དེར། ཡང་། སྔགས་ཀྱི་དབང་བསྐུར་བྱེད་པ་ན། །གྲངས་ངེས་མེད་པར་དབང་བསྐུར་བྱེད། །འདི་ནི་རྡོ་རྗེ་འཆང་གིས་བཀག །ཅེས་སྒྲ་ཇི་བཞིན་པ་ཡིན་ན། ཆོས་རྒྱལ་འཇམ་དབྱངས་གྲགས་པས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་དབང་ཚར་གཅིག་གིས་བསྐུར་བ་འགྲེལ་ཆེན་དུ་དངོས་བསྟན་དུ་འབྱུང་བས་སྟོན་པ་ལ་མ་བརྩིས་པར་སོང་། དེ་ལྟར་ན་ཇོ་བོས། བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་