R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡བ
[A:༣༡བ]སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །ཞེས་པས་རིགས་ལྡན་ལ་ལྟུང་བ་ཕོག་པར་འགྱུར་རོ། །དེར་སྣོད་དང་ལྡན་པ་མང་པོ་ལ་བསྐུར་བ་ཡོངས་སུ་གསུངས་པས་ལུང་གི་གོ་མི་ཆོད་ན་ཞེས་སོགས་གསུངས་འདུག་ཀྱང་། དེ་ལྟར་བཤད་པ་ནི་དེ་དུས་ཀྱི་དབང་བསྐུར་མཁན་དང་དབང་ཞུ་མཁན་ཐམས་ཅད་སྐལ་ལྡན་ལས་དག་པའི་གང་ཟག་ཁོ་ན་ཡིན་པས། རྡོ་རྗེ་སློབ་དཔོན་འཕགས་པའི་གང་ཟག་གིས་མཛད་པའི་སྔོན་གྱི་ཆོ་ག་ཡིན་གྱི། དེང་སང་གི་སོ་སོ་སྐྱེ་བོས་བྱར་མི་རུང་ལ། ཡང་ཁྱེད་ཀྱི་ཡང་ལན་དེ་ཉིད་ལས། འཕགས་པས་མཛད་པ་ཇི་ལྟ་བ་སློབ་མ་ལ་བྱ་དགོས་པ་རྡོ་རྗེ་གུར་དུ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་པ་དང་། སློབ་དཔོན་པདྨ་མཉྫུས། དཔལ་ལྡན་བདེ་བའི་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། །མགོན་པོ་དེ་བཞིན་བཀའ་དྲིན་སྩོལ། །ཞེས་གསུངས་སོ། ཞེས་བཤད་འདུག་པས་སྔོན་བྱུང་བའི་རྒྱུ་མཚན་གྱིས་ད་ལྟའི་རྗེས་འཇུག་གིས་བྱར་རུང་ཞིང་བྱ་དགོས་པར་ཡང་འདོད་ན། སྔོན་གྲུབ་ཆེན་ཏེ་ལོ་པས་ནཱ་རོ་པ་ལ་འཇིམ་རིལ་ཞིག་འཕངས་པ་དང་། རྣམ་ཐར་འགའ་ཞིག་ལས་མཆིལ་ལྷམ་འཕངས་པར་བཤད་དེ་གང་ལྟར་དེ་ལ་བརྟེན་ནས་ནཱ་རོ་པའི་ཐུགས་ལ་མི་རྟོག་པ་འཁྲུངས་པ་དང་། ནཱ་རོ་པས་དཔལ་མཆོག་ཌོམྦྷི་པར་བདུད་རྩི་བྱིན་རླབས་བྱས་པའི་ཐོད་ཆང་བྱིན་པ་འཐུངས་པ་ཙམ་གྱིས་གྲོལ་བའི་ཚུལ་བཤད་ཡོང་གི་འདུག་པ་ཁྱེད་དག་དེ་བཞིན་དུ་གྱིས་ལ་སློབ་མ་