R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢ན
[A:༣༢ན]གྲོལ་བར་གྱིས་ཤིག གཞན་ཡང་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། རྒྱལ་སྲས་བྱམས་པ་དང་འཇམ་དབྱངས་ཀྱིས་མཁན་པོ་མཛད། ཁྱིམ་བདག་དགུ་སྟོང་དང་བདུན་སྟོང་ཁྱིམ་པའི་རྟགས་དང་ལྡན་བཞིན་དུ་བསྙེན་པར་རྫོགས་པར་གསུངས་པས་ན་ད་ལྟའང་དེ་ལྟར་བྱེད་རིགས་པར་འགྱུར་ཏེ་དེ་ལྟར་སྔོན་བྱུང་བའི་གང་ཟག་སྔོན་བྱུང་བའི་རྒྱུ་མཚན་གྱིས་དེ་ཉིད་ད་ལྟར་བྱ་དགོས་པར་འདོད་པའི་ཕྱིར། ཡང་གོང་གི་དྲི་བ་དེའི་འཕྲོས་ལས། བྱ་བའི་རྒྱུད་ལ་བཀག་ནའང་དེ་ཉིད་ཀྱི། །རིགས་གཏད་རྗེས་གནང་ཁྲོམ་ལ་བྱེད་པའང་འགལ། །སྐབས་འདིའི་རྗེས་གནང་དབང་ལ་དགོས་པའི་ཁྱད། །ཅི་ཡང་མ་མཐོང་ཚིག་ལ་རྩོད་པས་ཅི། །ཞེས་པ་ནི་རྡོ་རྗེ་འཆང་ལ་བརྩད་པ་སྟེ། །གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་བཟུང་བ་མི་ཤིས་སོ། །ཞེས་པ་འདི་བླ་མེད་དང་རྣལ་འབྱོར་རྒྱུད་ཀྱི་དབང་གི་སློབ་མའི་གྲངས་ངེས་ལ་སྦྱོར་དུ་མི་རུང་ཟེར་ནའང་། བྱ་རྒྱུད་ཀྱི་དབང་གི་སློབ་མའི་གྲངས་ངེས་བསྟན་པ་ལ་སྨྱོན་པར་མི་ནུས་ལ། བྱ་རྒྱུད་ཀྱི་རིགས་གཏད་དང་རྗེས་གནང་སོགས་ལ་གྲངས་ངེས་དེ་ལྟར་དགོས་པ་རྒྱལ་བས་མ་གསུངས་པའི་ཕྱིར། དབང་བསྐུར་དང་རྗེས་གནང་ལ་དོན་ལ་ཁྱད་པར་མེད་ཟེར་བའང་རྒྱུད་སྡེ་སྤྱི་ལ་དགོངས་ན་ནི་གསང་སྔགས་ཀྱི་ལམ་གྱི་རྩ་བ་དབང་བསྐུར་སྤོང་བའི་བདུད་ཚིག་ཡིན་ཏེ། རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་གང་ཟག་གིས་དབང་ལ་མ་བརྟེན་པར་མཆོག་འགྲུབ་པ་མེད་པར་