R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢བ
[A:༣༢བ]རྒྱུད་སྡེ་རྣམས་ལས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་གསུངས་ཤིང་། དེའང་དབང་བསྐུར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཡིན་པའི་རྒྱུ་མཚན་ཀྱིས་ཡིན་པར། སྡོམ་གསུམ་རབ་དབྱེ་ལས། དེས་ན་ཐུབ་པས་རྒྱུད་སྡེ་ལས། །དབང་བསྐུར་ཁོ་ན་བསྔགས་པ་དང་། །མཁས་རྣམས་སྤྱི་ནས་དབང་བསྐུར་ལ། །གུས་པའི་རྒྱུ་མཚན་དེ་ལྟར་ཡིན། །ཞེས་གསུངས་པས་བསྟན་ལ། ཁྱེད་རང་གིས་ཡང་ལན་དེར། ལར་དབང་མ་ཐོབ་པར་མཆོག་ཐོབ་པ་མེད་ལ་ཞེས་བཤད་པས་དབང་མ་ཐོབ་པར་མཆོག་ཐོབ་པ་མེད་པ་ཉིད་ཀྱང་བཞེད་ཅིང་། རྗེས་གནང་མ་ཐོབ་ན་མཆོག་མི་འགྲུབ་པར་བཤད་པ་ཚད་ལྡན་གྱི་ལུང་གང་ནའང་མེད་པའི་ཕྱིར། གལ་ཏེ་བྱ་རྒྱུད་ཀྱི་དབང་དང་རྗེས་གནང་ལ་ཁྱད་པར་མེད་ཟེར་རྒྱུ་ཡིན་ན། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པའི་དབང་དེ་དག་གང་དུ་བསྐུར་བའི་དཀྱིལ་འཁོར་སྟོན་པའི་རྒྱ་གཞུང་ཡང་སྣང་ན། རྗེས་གནང་ལ་དེ་འདྲ་གང་དུ་བཤད། དེས་ན་འདི་ནི་བྱ་རྒྱུད་ལ་འདྲིས་མེད་དོ་ཞེས་པའི་གསུང་དུ་སྣང་ངོ་། །ཡང་དྲི་བ་དེར། རིགས་པ་ཆོ་ག་རྫོགས་པར་མི་འགྱུར་ལོ། །དུས་འཁོར་འཕྲེང་བའི་དབང་ཉིད་མང་པོ་ལ། །བརྟེན་བཞིན་དེ་སྐད་སྨྲས་ཀྱང་མཛེས་པ་མིན། །བདེ་ཀྱེ་ཉུང་བ་མངོན་སུམ་ཉིད་ཀྱིས་གྲུབ། །ཅེས་པ་འདིའང་རབ་དབྱེར། དེ་བས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །དེ་ཡི་མཚན་མོ་མ་ཚར་ན། །ཆོ་ག་ཉམས་པར་འགྱུར་བར་གསུངས། །ཞེས་སོགས་ལ་རྒོལ་རྒྱུར་འདུག་ནའང་། བདག་ཉིད་ཆེན་པོས་དེ་ལྟར་གསུངས་