R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣ན
[A:༣༣ན]པའི་དགོངས་དོན་ནི། བརྟག་གཉིས་ལས། མཚན་མོ་སྐྱེ་བོ་མེད་ཁྱིམ་དུ། །སློབ་དཔོན་ལ་སོགས་རབ་ཕྱེ་ནས། །དབང་ནི་ཇི་ལྟར་གསུངས་པ་ཉིད། །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཡུལ་དེ་དག་གི་བུ་མོ་གང་། །རྟག་ཏུ་མཚན་མོ་འཕྱན་པ་དང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླངས་བ་དང་། སློབ་མ་ལ་དབང་བསྐུར་བ་སོགས་ཐམས་ཅད་མཚན་མོ་ཚར་ན་ལེགས་ཤིང་། དེའང་རྡོ་རྗེ་རྩེ་མོ་ནི་དུས་འཁོར་ལས་ཀྱང་དཀྱིལ་ཆོག་མང་བ་དང་། བླ་མེད་ལ་བདེ་ཀྱེ་གཉིས་སོགས་དུས་འཁོར་ལས་ཉུང་ཡང་དེ་དག་གིས་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་སློབ་མ་རེ་རེ་ནས་དབང་སྟེགས་ལ་བཞག་ནས་བསྐུར་བ་དང་། དབང་གོང་མ་གསུམ་གྱི་དངོས་གཞིའང་སློབ་མ་རེ་རེ་ནས་བསྐུར་བ་དང་པོའི་ཕྱག་ལེན་ལ་ཡོད་པས། དེ་བཞིན་བྱས་པས་ཉེར་ལྔ་ལས་ལྷག་པ་ལ་མཚན་མོ་དེའི་ནང་དུ་མི་ཚར་བ་ཤས་ཆེ་བས་སྐྱ་རེངས་ཤར་གོང་མཚན་མོ་བྱོན་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཚོགས་གཏོར་གྱིས་མཉེས་པར་བྱས་ནས་གཤེགས་གསོལ་ཐུབ་ན་འབྲེལ་ཆགས་ཤིང་ཤིས་པས་ན་དེ་ལྟར་དུ་ཆོས་རྗེས་གདུལ་བྱ་རྣམས་ལ་བརྩེ་བས་འདོམས་པར་མཛད་པ་ཡིན་ཞིང་། དེ་ནི་རྒྱུད་ཀྱི་དགོངས་པའང་ཡིན་ཏེ་སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱི་རླབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་པ། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། །ཞེས་གསུངས་པས་སོ། །དེས་ན་དབང་གི་ཆོ་ག་ཡོངས་སུ་རྫོགས་པ་མཚན་མོ་གཅིག་ལ་ཚར་ན་ལེགས་པ་