R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣བ
[A:༣༣བ]ལས། ཉེར་ལྔ་ལས་ལྷག་པ་ལ་བྱས་ན་མི་ཚར་བ་ཤས་ཆེ་བས་དེ་ལས་ལྷག་པ་ལ་མི་བྱ་ཞེས་འདོམས་པར་མཛད་པ་ཡིན་པས། དུས་འཁོར་དང་ཕྲེང་བ་སོགས་ཀྱང་ཉེར་ལྔར་གྲངས་བཅད་དེ་མཛད་ཐུབ་ན་ཤིན་དུའང་ལེགས་ལ། དེར་མ་ཟད་སློབ་མ་རེ་རེ་ནས་བསྐུར་ཐུབ་ནའང་ལེགས་པ་ཉིད་ཡིན་པས། དུས་འཁོར་ཕྲེང་བའི་དབང་ཉིད་མང་པོ་ལ། །བརྟེན་བཞིན་དེ་སྐད་སྨྲས་ཀྱང་མཛེས་པ་མིན། །ཞེས་པའང་མ་ནུས་མེད་དུ་གྲུབ་བོ། །འབྲུག་པའི་གསུང་འདི་ལའང་ཁ་ཅིག་ཏུ་སྟོན་ཅིང་ཞེས་པ་དང་། འགའ་ཞིག་ཏུ་སྟོན་བཞིན། ཞེས་འབྱུང་བ་དེ་ལྟར་བྱས་ན་སློབ་མ་མང་པོ་ལ་སྟོན་བཞིན་ཞེས་པར་འགྱུར་ལ། དེ་ནི། བདེ་ཀྱེ་ཉུང་བ་མངོན་སུམ་ཉིད་ཀྱིས་གྲུབ། །ཅེས་པ་འདི་དང་གཞུང་སྔ་ཕྱིའི་འབྲེལ་མི་འགྲིག་ཅིང་ཁོང་རང་གི་ཡང་ལན་དེར་ཆོ་གའི་ཚོགས་མང་པོ་ལ་བརྟེན་ཞིང་ཞེས་པ་ལྟ་བུ་གཅིག་བཤད་ཡོད་པས་སྔ་མ་ལྟར་བྱས་ན་འབྲུག་པའི་རྗེས་འཇུག་དག་ཕྱོགས་སྔ་མ་ལོངས་ཞེས་ཟེར་བ་དག་འབྱུང་དུ་དོགས་ཏེ་ད་དུང་དཔྱད་པར་རིགས་སོ། །ཡང་བརྒལ་ལན་ཚངས་པའི་རིག་སྔགས་སུ་འཕྲོས་དོན་གྱི་ཚུལ་དུ་འདི་ལྟར། གཉིས་པ་ནི་རྒོལ་བས་ཆོས་རྗེ་བླ་མའི་དགོངས་པ་ཡིན་པར་བྱས་ནས་སྣང་གསུམ་གྱི་སྔོན་དུ་དབང་ངེས་པར་བྱེད་པ་དེ་ལ་འདི་འདྲི་སྟེ། ཁྱེད་ཀྱི་ཁྲིད་ཚུལ་དེ་སྐལ་ལྡན་ཅིག་ཅར་བ་དང་སྐལ་དམན་རིམ་འཇུག་པ་གང་གི་ལམ་རིམ་ཡིན། དང་པོ་ལྟར་ན་ལམ་རིམ་དེ་ལ་དབང་དང་རིམ་གཉིས་ཡན་ལག་དང་བཅས་པའི་བར་དུ་སྣང་གསུམ་གྱི་ཁྲིད་མི་དགོས་ཏེ། དེ་ལ་ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་མི་དགོས་པར་དང་པོ་ཉིད་ནས་དབང་དང་རིམ་གཉིས་འབྲེལ་པ་ཅན་དུ་