R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤ན
[A:༣༤ན]བྱས་ཆོག་པ་རྒྱུད་ཀྱི་དགོངས་པ་དང་། དབང་གི་སྔོན་དུ་སྐྱབས་འགྲོ་དང་སེམས་བསྐྱེད་ཙམ་གནོན་པ་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་པར་རྗེ་བཙུན་གོང་མས་བཤད་པ་ལས། ཁྱོད་ཀྱིས་ནི་བཤད་པའི་དབང་གི་སྔོན་འགྲོའི་སེམས་བསྐྱེད་བོར་ནས། མ་བཤད་པའི་ཐུན་མོང་གི་ལམ་གྱིས་དཀྲི་བ་ནི་ནོར། ཕྱི་མ་ལྟར་ན་གང་ཟག་དེ་ལ་ཐུན་མོང་བའི་ལམ་རིམ་གྱིས་བཀྲིས་ནས། ཕྱིས་སྣོད་རུང་དུ་གྱུར་པ་ན་དབང་བསྐུར་བར་བཤད་ཀྱི། དང་པོ་ཉིད་ནས་ཚམ་ཚོམ་མེད་པར་དབང་བསྐུར་བ་བཤད་པ་མེད། མ་བཤད་པ་ཙམ་དུའང་མ་ཟད་སློབ་དཔོན་རིན་པོ་ཆེའི་དབང་ཆུ་དང་། རྗེ་བཙུན་གྱིས་ལྗོན་ཤིང་སོགས་ལས་ལུང་རིགས་ཀྱི་སྒོ་ནས་དེ་ལྟར་བྱེད་པ་བཀག་གོ །འགའ་ཞིག་འདིའི་རྗེས་སྐྱོབ་པར་འདོད་ནས། རྡོ་རྗེའི་ཚིག་རྐང་གི བླ་མ་དམ་པའི་ཞབས་པད་བཏུད་དེ་ཞེས་པས་སྨིན་བྱེད་ཀྱི་དབང་བསྟན་ཅིང་། གཞུང་བཤད་རྣམས་ལས་སྣང་གསུམ་གྱི་སྐབས་སུ་ཐོས་བསམ་དང་བསླབ་པས་རྒྱུད་སྦྱངས་པ་དང་། དབང་གིས་སྦྱངས་པ་ཞེས་བཤད་པས་སྣང་གསུམ་གྱི་སྔོན་དུ་དབང་ངེས་པར་དགོས་པར་གྲུབ་ཅེས་སྨྲའོ། །དེ་ལྟར་ན་གདན་སོགས་གསུམ་པ་བཞིའི་རྒྱུའི་དབང་ཞེས་པས་རྒྱུ་དབང་བསྟན་པར་གཞུང་བཤད་མཐའ་དག་ནས་འབྱུང་བས། སྣང་གསུམ་ཁྲིད་ཀྱི་ཐོག་མཐའ་གཉིས་ཆར་དུ་དབང་རེ་བྱ་དགོས་པར་འགྱུར་རོ། །འོ་ན་ཅི་ཞེ་ན་བླ་མ་དམ་པའི་ཞབས་པད་བཏུད་དེ་ཞེས་པ་ནི་བསྟན་བཅོས་ལུས་དང་མཐུན་པའི་མཆོད་བརྗོད་ཡིན་པས། དེས་དེ་བསྟན་པར་སེམས་པ་ནི་བློ་གྲོས་ཤིན་ཏུ་ཆུང་བ་སྟེ། ཉམས་སྣང་གི་རྟེན་རྣལ་འབྱོར་པ་ལ་དབང་གིས་སྨིན་པ་སོགས་