R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤བ
[A:༣༤བ]གཞུང་བཤད་ལས་བཤད་པ་སྐབས་འདིའི་སྣང་གསུམ་གྱི་སྔོན་དུ་དབང་དགོས་པའི་ཤེས་བྱེད་དུ་འདོད་པ་ནི་རྡོ་རྗེའི་ཚིག་རྐང་གི་བཞུགས་ཚུལ་རགས་པ་ཙམ་ཡང་ཐོས་བསམ་གྱི་ཡུལ་དུ་མ་བྱས་པའི་འཆལ་གཏམ་ཡིན་ཏེ། གཞུང་དེའི་བཞུགས་ཚུལ་ལ་སྣང་བ་གསུམ་ལམ་རང་རྐང་ལ་སྦྱར་བ་དང་། ལམ་གྱི་གཞི་བཅའ་ལ་སྦྱར་བ་གཉིས་ལས། དང་པོ་ནི་གཞུང་དེའི་འཁོར་འདས་ཐུན་མོང་བའི་གཞུང་ཚོམ་བུ་རེ་རེས་ཀྱང་འཚང་རྒྱ་བའི་ཆ་རྐྱེན་ལམ་འབྲས་བུ་དང་བཅས་པ་ཡོངས་རྫོགས་རེ་སྟོན་པ་ཡིན་ལ། དེའི་ཚེ་སྣང་བ་གསུམ་དུ་བསྟན་པའི་གཞུང་ཉུང་ངུ་དེས་ཀྱང་སྣང་བ་གསུམ་ལམ་རང་རྐང་ལ་སྦྱར་བ་ཞེས་པའི་མིང་ཅན་གྱི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་རྫོགས་གཅིག་སྟོན་དགོས་པས། དེ་ལ་དགོངས་ནས་གཞུང་བཤད་རྣམས་སུ་ཐོས་བསམ་དང་བསླབ་པས་རྒྱུད་སྦྱངས་པ་དང་། དབང་གིས་སྦྱངས་པ་སོགས་ཀྱི་རྣམ་གཞག་དེ་དག་འབྱུང་བ་ཡིན་ལ། སྣང་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་བའི་སྐབས་འདིར་ནི་འཁོར་འདས་ཐུན་མོང་བའི་གཞུང་ཚོམ་བུ་བདུན་དང་། འཁོར་ལོ་འཆམ་པ་འཇིག་རྟེན་པའི་ལམ་གྱི་གཞུང་ཚོམ་བུ་བདུན་ཏེ་བཅུ་བཞི་པོ་ཐམས་ཅད་ཀྱང་གང་ཟག་གཅིག་གིས་ཉམས་སུ་བླང་བྱའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་རྫོགས་ཞིག་སྟོན་པ་ལ་དགོངས་ནས། རྗེ་ས་ཆེན་གྱིས། སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། ཉམས་བླངས་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་སོགས་གསུངས། དེའི་ཚེ་སྣང་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་བའི་ལམ་ནི་རྒྱུད་གསུམ་པོ་ཉིད་ལ་འཇོག དེའང་སྨིན་གྲོལ་གཉིས་སུ་