R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༥ན
[A:༣༥ན]འདུས། དེའི་སྔོན་དུ་ལམ་གྱི་གཞི་གདན་གྱི་ཚུལ་དུ་སྣང་གསུམ་གྱི་ཁྲིད་དགོས་པ་དྲངས་མ་ཐག་པའི་ལུང་དེས་ཤེས། དེ་ལ་དགོངས་ནས་རྗེ་བཙུན་གྱིས་གཞུང་ཇི་ལྟ་བའི་ཁྲིད་ཡིག་གཉིས་ཆར་དུ་སྣང་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་བ་དེ་བཤད་པ་ཡིན་ལ། དེ་ལྟར་དུ་བཀྲིས་ནས་ཉམས་སུ་བླངས་ནས་ཉམས་མྱོང་སྐྱེས་པ་དེ་གྲུབ་ཆེན་གྱི་གཞུང་གི་དགོངས་པར་བསྒྲུབ་པའི་ཕྱིར། ཕྱིས་རྡོ་རྗེའི་ཚིག་རྐང་ལས་བསྟན་པ་དེ་དག་གཞུང་བཤད་དང་མཐུན་པར་སློབ་དཔོན་གྱིས་བཤད། སློབ་མས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་བྱ་དགོས་པའི་དོན་དུ་བཤད་པ་ཡིན་ཞེས་གསུངས་ནས། ཆོས་རྗེ་བླ་མ་དམ་པའི་ཁྲིད་ཡིག་གི་དགོངས་དོན་ལ་ཁོ་བོ་ཅག་ནི་དངོས་བསྟན་དེ་ཁྱབ་མཐར་མི་བཟུང་། འཕགས་ཡུལ་ལྟ་བུ་ན་ཐེག་པ་ཆེ་ཆུང་དང་། རྒྱུད་སྡེ་བཞིའི་གདུལ་བྱ་རིགས་སོ་སོར་ངེས་པ་ཡོད་ཀྱང་། བོད་ན་ཐེག་དམན་དངོས་སུ་མེད་པ་དང་། དེང་སང་དབང་དར་ཆེས་པས་ལམ་འབྲས་ཞུ་མཁན་རྣམས་དེ་གཉིས་གང་རུང་ལ་ཞུགས་པ་ཤས་ཆེ་བས་དང་པོར་དབང་བྱས་ཀྱང་ཉེས་པ་མེད་པ་ལ་དགོངས་ནས་སྣང་གསུམ་སྔོན་དུ་དབང་བསྐུར་བ་བཤད་ལ། དེ་ལྟ་བུ་ལ་སྣང་གསུམ་གྱི་ཁྲིད་མ་བྱས་ཀྱང་རུང་མོད། གཞུང་ཇི་ལྟ་བའི་ཁྲིད་ཀྱི་ཁ་ཚང་བའི་ཆེད་དང་། དེས་སྣང་གསུམ་གྱི་ལམ་ཉམས་སུ་བླངས་ཀྱང་སྐྱོན་མེད་པ་ལ་དགོངས་པ་ཡིན་པས་འདི་ལྟར་འཆད་ཤེས་ན་དཀའ་གནས་སུ་སེམས་པ་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན་གསུངས། དེ་དག་དང་མཐུན་པར་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་རབ་འབྱམས་པ་བློ་གྲོས་རབ་གསལ་གྱི་དྲིས་ལན་དུ་ཁྲིད་ཡིག་ཕྱི་མ་འདི་