R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༥བ
[A:༣༥བ]ལ་བརྟེན་ནས་སྣང་གསུམ་གྱི་སྔོན་དུ་དབང་བྱེད་པ་རྣམས་ནི་གདུལ་བྱ་ལ་ལྟོས་པའི་ལམ་དཀྲི་ལུགས་ཀྱི་བབས་དང་ཡེ་མི་མཐུན་པས་ཞེས་དང་། འོན་ཀྱང་ད་ལྟ་སྣང་གསུམ་གྱི་སྔོན་དུ་དབང་བསྐུར་བྱེད་པའང་དང་པོའི་དུས་ཀྱི་ལམ་འབྲས་པ་རྣམས་ཀྱིས་སྔར་དབང་གིས་སྨིན་པ་ཞིག་ལ་ལམ་འབྲས་ཀྱི་ཁྲིད་སྟོན་པའི་ཚེ་དབང་དེ་ཁྲིད་ཀྱི་སྔོན་འགྲོའི་རྒྱུ་དུས་ཀྱི་དབང་མིན་ཡང་། སློབ་དཔོན་རང་ཉིད་ལས་ཀྱཻ་རྡོ་རྗེའི་དབང་བསྐུར་རེ་ཐོབ་པར་བྱས་ནས། དེ་དང་འབྲེལ་བའི་ཁྲིད་སྟོན་པ་ལ་བླ་བུ་བསྒྲིགས་པའི་ལུགས་སུ་བྱས་ནས། དེ་འདྲའི་གང་ཟག་ལ་རྒྱུད་གསུམ་མན་ཆད་ཀྱིས་དཀྲིས་པས་ཆོག་ཀྱང་། ཁྲིད་ཀྱི་ཁ་ཚང་བའི་ཕྱིར་སྣང་བ་གསུམ་ནས་སྟོན་པ་མང་པོ་ཞིག་བྱུང་ཞིང་། དེ་འདྲའི་སྒོ་ནས་ཁྲིད་བྱེད་པ་ལ་འགལ་བ་ཡོད་པ་མ་ཡིན་ཀྱང་། སྐལ་དམན་རིམ་གྱིས་པའི་དཀྲི་ཚུལ་ལ་བསམས་ནས་ཚོགས་པ་ཤིན་ཏུ་མང་བ་ལ་དེ་ལྟར་བྱེད་པ་ནི་གང་དང་ཡང་མི་མཐུན་ནམ་སྙམ་ལགས་ཞེས་གསུངས་སོ། །གོང་དུ་ཚངས་པའི་རིགས་སྔགས་ཀྱི་འཕྲོས་དོན་བཤད་པ་དེ་ལ་མཁན་ཆེན་བཟང་བཀྲས་པས་སྙན་བརྒྱུད་འཁྲུལ་སེལ་ལས་ལན་གང་ཡང་མ་གསུངས་པར་བཏང་སྙོམས་སུ་འཇོག་པར་མཛད་ཅིང་། སྒྱི་ཆུ་བ་བུདྡྷ་ཤྲཱིའི་ཡང་ལན་ནོར་བུའི་ཕྲེང་བར་དེ་ལ་སྙན་བརྒྱུད་ཟབ་མོའི་དོན་གོ་བར་མི་འགྱུར་བས་མགོ་སྒྲེའི་ལན་འདི་བརྗོད་པར་བྱ་སྟེ། ཁྱེད་ཀྱིས་གཞུང་ཁྲིད་རྒྱས་པ་ལན་གཉིས་སློབ་མ་ལ་འཆད་པའི་ཚེ། གཉིས་པ་དེ་སྐལ་ལྡན་ཅིག་ཅར་བའི་ལམ་མམ་སྐལ་དམན་རིམ་འཇུག་པའི་ལམ་གང་ཡིན། དང་པོ་ལྟར་ན་དབང་དང་རིམ་གཉིས་ཡན་ལག་དང་བཅས་པའི་བར་དུ་སྣང་གསུམ་གྱིས་དཀྲི་དགོས་པ་མ་ཡིན་