R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]གཟུངས་ཀྱི་དཔལ་བ་དང་། ངོར་ལུགས་ཀྱི་བརྒྱུད་པའི་རྩ་བ་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་གཉིས་ལས་གསུང་ངག་གི་བཀའ་འཛིན་པའི་བརྒྱུད་པ་སོ་སོར་འཕེལ་ཏེ། དང་པོ་ལས་ཆོས་རྗེ་བཟང་པོ་རྒྱལ་མཚན། དེ་ལས་རྒྱལ་མཚན་དཀོན་མཆོག་དང་། དགེ་བ་རྒྱལ་མཚན་སོགས། རྒྱལ་མཚན་དཀོན་མཆོག་ལས་མཁས་གྲུབ་ཆེན་པོ་གཙང་གི་རིགས་སུ་འཁྲུངས་པ་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ལ་སོགས་པ་མང་དུ་འཕེལ། དེ་རྣམས་ལས་བརྒྱུད་དེ་དར་བའི་ལམ་འབྲས་ལ་རྫོང་ལུགས་དང་། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ལས། གྲུབ་ཆེན་བུདྡྷ་ཤྲཱི། དེ་ལས་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་སོགས་འཕེལ་ཏེ། ངོར་ཆེན་འདིས་གསུང་ངག་རིན་པོ་ཆེ་ཚར་བརྒྱད་ཅུ་གྱ་གསུམ་ཙམ་གནང་ཞིང་། གསུང་ངག་འཆད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད་སོགས་ལུགས་འདི་ལ་མཁོ་བའི་ཡིག་ཆ་མང་དུ་མཛད་དེ་གདམས་པ་འདི་ཉིད་སྒོ་དུ་མའི་སྒོ་ནས་ཆེས་ཆེར་དར་རྒྱས་སུ་སྤེལ་ཞིང་། དེ་ནས་བརྒྱུད་པ་ལ་གསུང་ངག་ངོར་ལུགས་ཞེས་གྲགས་པ་འདི་བྱུང་བ་ཡིན་ནོ། །གཞན་ཡང་ཆོས་རྗེ་བླ་མའི་སློབ་མ་ཡོངས་གྲགས་མཁས་པ་བཅུའི་ནང་ཚན་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ལས་ཉི་ལྡེ་བ་ཀུན་དགའ་རྒྱལ་མཚན་དང་། བྲག་ཐོག་པ་བསོད་ནམས་བཟང་པོ་སོགས་མང་དུ་འཕེལ་བའི། བྲག་ཐོག་པའི་ཐུགས་སྲས་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་ཏེ། དེ་ལྟར་མང་དུ་བྱོན་པའི་མཁས་མཆོག་རྡོ་རྗེ་རྒྱལ་མཚན་སོགས་ལ་རྫོང་པ་སྔ་རབས་པ་དང་། རྡོ་རྗེ་གདན་པ་སོགས་ལ་རྫོང་པ་ཕྱི་རབས་པ་ཞེས་ཀྱང་གྲགས་སོ།