R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན] །དེ་ལས་རྫོང་ལུགས་ཀྱི་བསྟན་འཛིན་གྱི་གཙོ་བོ་ནི་ཉི་ལྡེ་བ་ཀུན་དགའ་རྒྱལ་མཚན་ནམ་མཚན་གཞན་འཇམ་དབྱངས་གྲགས་པའི་དཔལ་ཞེས་པ་དེ་ཉིད་དང་། བྲང་མོ་ཆེ་པ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་སོགས་མང་དུ་བྱོན་ཞིང་། ངོར་ལུགས་ཀྱི་བསྟན་འཛིན་གྱི་གཙོ་བོ་ནི་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ པཎ་ཆེན་ཤཱཀྱ་མཆོག་ལྡན། མཁན་ཆེན་བསོད་ནམས་ལྷུན་གྲུབ། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ལ་སོགས་པ་གྲངས་དང་ཚད་མེད་པ་ཞིག་བྱོན་པ་ལས། དེ་ལྟར་ལུགས་གཉིས་ཀྱི་མཁས་པ་དེ་དག་དོན་དམ་ལྟ་བའི་གནད་ལ་བཞེད་ཚུལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་མོད། འོན་ཀྱང་ཀུན་རྫོབ་ཆོ་གའི་རྣམ་གཞག་སོགས་ལ་ཕྱག་ལེན་མི་མཐུན་པ་འགའ་རེ་བྱུང་བའི་དབང་གིས་དགག་སྒྲུབ་ཀྱི་རྣམ་པར་གཞག་པའང་ཅི་རིགས་པ་སྣང་ཏེ། དེའང་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་ཆུ་རྒྱུན་རྣམ་པ་བཞི་དང་། སྒྲུབ་པ་བཞི་ལ་སོགས་པ་གསུང་རབ་ཀྱི་ཚོགས་མང་པོ་ཞིག་མཛད་པ་ལས་རྣམ་པར་བཤད་པའི་ཆུ་རྒྱུན་དང་པོ་ནི། བོ་གདོང་པཎ་ཆེན་སོགས་གཞན་ལུགས་ཀྱི་མཁས་པ་འགའ་ཞིག་གིས་རྗེ་བཙུན་གོང་མའི་གསུང་ལ་བརྒལ་བརྟགས་ཀྱི་རྣམ་གྲངས་མང་པོ་ཞིག་གསུངས་པ་དག་ལུང་རིགས་ཀྱི་སྒོ་ནས་སུན་ཕྱུང་སྟེ་ཆོས་དང་མཐུན་པའི་ལན་མེད་པར་མཛད་ཅིང་། གོང་མའི་དགོངས་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ལེགས་བཤད་ཀྱི་དགའ་སྟོན་དུ་སྣང་སྟེ་སྐབས་དྲུག་གི་བདག་ཉིད་ཅན་ནོ། །ཆུ་