R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦ན
[A:༣༦ན]ཏེ། དང་པོ་ཉིད་ནས་དབང་དང་རིམ་གཉིས་འབྲེལ་པ་ཅན་དུ་བྱས་ཆོག་པ་རྒྱུད་སྡེའི་དགོངས་པ་ཡིན་པའི་ཕྱིར། ཅི་གསུང་། གཉིས་པ་ལྟར་ན་སྐལ་ལྡན་ཅིག་ཅར་བ་དབང་དང་ལམ་གྱིས་དཀྲིས་ཟིན་ནས་སླར་སྐལ་དམན་རིམ་འཇུག་པའི་ལམ་གྱིས་བཀྲི་བ་ཁྱེད་རང་ལྟར་ན་རུང་བ་མ་ཡིན་ཏེ། གཞན་ཡང་དབང་བསྐུར་ཟིན་པའི་སློབ་མ་ལ་སྣང་གསུམ་གྱི་ཁྲིད་ཕོག་ན་རྩ་ལྟུང་འབྱུང་བར་བཤད་པ་དེའང་དྲན་པར་གྱིས་ལ་ལན་གསུངས་ཤིག ཁྱེད་ཀྱི་བཤད་པ་ནི་དེ་འདྲ། ལག་ལེན་ནི་དེ་འདྲ་ན་གཟུ་བོར་གནས་པའི་བློས་དཔྱོད་ཅིག་ཅེས་གསུངས་སོ། །ཡང་གོང་དུ་བཀོད་པའི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བརྒལ་ལན་ཚངས་པའི་རིགས་སྔགས་སུ་འཕྲོས་དོན་དུ་གསུངས་པ་དེ་དང་མཚུངས་པར། རྗེ་བཙུན་དེ་ཉིད་ཀྱིས་མཛད་པའི་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་ལས་འཕྲོས་པའི་དྲི་བར་དོན་ཚན་ལྔ་ཡོད་པའི་དང་པོ་ལས། སྣང་གསུམ་སྔོན་དུ་དབང་བསྐུར་བ། །ངེས་པར་དགོས་ཞེས་ཁས་ལེན་པའི། །ལམ་འབྲས་པ་ལ་འདི་སྐད་འདྲི། །ལམ་དེའི་གོ་རིམ་རྒྱུད་གཞུང་ནས། །བཤད་པའི་སྐལ་དམན་རིམ་འཇུག་དང་། །སྐལ་བར་ལྡན་པ་ཅིག་ཅར་བའི། །ལམ་རིམ་གཉིས་པོ་གང་ཡིན་དྲི། །དང་པོ་ལྟར་ན་ཁྲིད་ཚུལ་དེའི། །སྔོན་འགྲོ་འཁོར་བའི་ཉེས་དམིགས་དང་། །དལ་འབྱོར་རྙེད་དཀའ་བྱམས་སྙིང་རྗེ། །བྱང་ཆུབ་སེམས་བསྐྱེད་ལ་སོགས་པ། །ཚད་ལྡན་གོང་མས་བཤད་ཀུན་ཆད། །ཆད་པ་མིན་ན་གོ་རིམ་ནོར། །ངེས་པར་འབྱུང་བའི་བློ་ཙམ་ཡང་། །མ་སྐྱེས་པ་དེ་སྔགས་ལམ་དུ། །ཅི་དགར་འཇུག་པ་རྒྱུད་ལས་བཀག །ཕྱི་མ་ལྟར་ན་སྣང་