R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦བ
[A:༣༦བ]བ་གསུམ། །ངེས་པ་ཅན་དུ་སྟོན་པ་ལྷག །ལྷག་པ་མིན་ན་རྣམ་གཞག་འཆོལ། །ཞེས་གསུངས་ཏེ། དེ་དག་གི་དོན་ཡང་སྣང་གསུམ་ཁྲིད་ཀྱི་སྔོན་དུ་ངེས་པར་དབང་བསྐུར་ནས་དཀྲི་བའི་ཁྲིད་འདི་སྐལ་དམན་རིམ་འཇུག་པ་ལྟར་དཀྲི་བའི་ཁྲིད་ཡིན་ནམ། སྐལ་ལྡན་ཞིག་ཅིག་ཅར་བ་ལྟར་ཁྲིད་པའི་ཁྲིད་གང་ཡིན། དང་པོ་ལྟར་ན་ཁྲིད་ཚུལ་དེ་ལ་སྔོན་འགྲོ་འཁོར་བའི་ཉེས་དམིགས་སོགས་སྟོན་དགོས་པ་རྣམས་ཆད་ལ། དེ་དག་དབང་བསྐུར་ནས་དེའི་རྗེས་སུ་སྟོན་པས་ཆད་པ་མིན་ཟེར་ན། ལམ་རིམ་དེ་ལ་ཐོག་མར་འཁོར་བའི་ཉེས་དམིགས་སྟོན་པ་སོགས་ཐུན་མོང་བའི་ལམ་གྱིས་སྦྱངས་པ་རྣམས་བསྟན་ནས། གཟོད་ཐུན་མོང་མ་ཡིན་པའི་ལམ་དབང་བསྐུར་བ་སོགས་བྱེད་དགོས་པ་ལ། ཁྱེད་དག་ཐོག་མར་དབང་ངེས་པར་དགོས་པར་འདོད་པས་གོ་རིམ་ནོར་ཞིང་འཁོར་བ་ལས་ངེས་པར་འབྱུང་བའི་བློ་ཙམ་ཡང་མ་བསྐྱེད་པའི་གང་ཟག་དེ་སྔགས་ལམ་དུ་འཇུག་པ་རྒྱུད་ལས་བཀག་ལ། ཕྱི་མ་ལྟར་ན་སྐལ་ལྡན་ཅིག་ཅར་བ་ལ་དབང་གི་རྗེས་སུ་སྣང་གསུམ་གྱི་ཁྲིད་ངེས་པར་བྱེད་པ་ལྷག་ཅིང་། ཅི་སྟེ་སྐལ་ལྡན་ཅིག་ཅར་བ་ལ་ཡང་ཐུན་མོང་གི་ལམ་སྔོན་དུ་འགྲོ་དགོས་པས་ལྷག་པ་མིན་ཟེར་ན། དེ་དག་ཀྱང་དབང་གི་སྔོན་དུ་དགོས་པ་ལ་རྗེས་སུ་བྱས་པས་རྣམ་གཞག་འཆོལ་བར་སོང་ཞེས་པར་སྣང་ངོ་། །དེའི་ལན་དུ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་ཐུགས་སྲས་བྱང་ཆུབ་དབང་རྒྱལ་ཞེས་བྱ་བས་ལམ་འབྲས་བུ་དང་བཅས་པའི་སྐབས་ཀྱི་དྲི་ལན་རྨོངས་པའི་མུན་སེལ་ཞེས་བྱ་བ་མཛད་པ་དེ་ཉིད་ལས། རྗེ་བཙུན་མཐུ་སྟོབས་དབང་ཕྱུག་གིས། །གསུང་གི་རྡོ་རྗེའི་ཚིག་