R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧ན
[A:༣༧ན]རྐང་ལས། །བྱུང་བའི་ཉམས་སུ་བླང་ཚུལ་ནི། །རྗེ་བཙུན་རྣམས་ཀྱིས་བཞེད་ཇི་བཞིན། །འཇམ་དབྱངས་དྲུག་པ་ཆོས་ཀྱི་རྗེའི། །གསུང་ལས་བྱུང་བའི་ལམ་རིམ་འདི། །གཙོ་བོར་སྐལ་བར་ལྡན་པ་ཡིས། །ཉམས་སུ་བླང་བའི་རིམ་པ་ཡིན། །མིན་ཡང་རིམ་གྱིས་དཀྲིས་ནས་ནི། །སྣོད་རུང་གྱུར་ནས་བླང་བྱ་ཡིན། །དེའི་ཡང་ཐོག་མར་དབང་བསྐུར་བ། །ཡིན་པར་ལྗོན་ཤིང་དག་ལས་ནི། །ད་ནི་བླ་མེད་སྐལ་ལྡན་པ། །ཅིག་ཅར་འཇུག་པའི་མངོན་རྟོགས་བརྗོད། །སྨིན་པར་བྱེད་པའི་དབང་ཞེས་པ། །གསུངས་ཤིང་དག་ལྡན་ཉིད་ལས་ཀྱང་། །ཐུན་མོང་གིས་རྒྱུད་སྦྱངས་པ་དང་། །སྐལ་ལྡན་རྒྱུད་མ་སྦྱངས་ཀྱང་ནི། །འཇུག་རུང་ཕྱི་མའི་གཉིས་པ་ལས། །ཞེས་གསུངས་དབང་གི་ཆུ་བོ་ལས། །སྔར་བསྟན་མ་ཞུགས་རབ་འབྲིང་གསུམ། །དེའི་རབ་དབང་གི་སྣོད་དུ་གསུངས། །གཞན་ཡང་གང་ཟག་རབ་འབྲིང་གསུམ། །དཀྲི་བའི་གཞུང་ཤིང་ཉིད་དུ་ནི། །དང་པོ་གང་ཟག་བླ་མའི་དྲུང་། །འོངས་པ་དབང་དང་དམ་ཚིག་དང་། །ལྡན་བྱས་བསྐྱེད་པའི་རིམ་པ་དང་། །སྙིང་པོར་གཅེས་པ་བྱེད་པ་དེ། ཁྲིད་ཀྱིས་བསྐྱང་བར་འདོད་པ་ན། །ཞེས་སོགས་གསུངས་ན་ཐོག་མར་དབང་། །ངེས་པར་དགོས་པ་གསུངས་པ་ཉིད། །ཁྱེད་རྣམས་རྒྱུད་དུས་དབང་གི་སྔོན། །ངེས་པར་སྣང་གསུམ་དགོས་ཞེས་པ། །སྣང་གསུམ་སྔོན་དུ་མ་སོང་བར། །དབང་བསྐུར་མི་རུང་པ་ཡིན་ནམ། །དབང་བསྐུར་སོང་ནས་སྣང་བ་གསུམ། །མི་རུང་བ་ནི་གང་ཡིན་བརྟག །དང་པོ་ལྟར་ན་ཡན་གར་དུ། །དབང་བསྐུར་བྱེད་པ་མེད་འགྱུར་ཞིང་། །ཕྱི་མ་ལྟར་ན་ལམ་འབྲས་ནི། །གཉིས་པ་འཆད་