R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༨བ
[A:༣༨བ]བཞི་ནི། །འགྲུབ་པར་གསུངས་ན་དེ་ཡི་སྔོན། །དབང་མ་བསྐུར་བ་དེ་དག་གི །བཤད་པ་འབྱུང་བ་ཇི་ལྟར་ལགས། །རང་གི་བརྒྱུད་པའི་བླ་མ་སོགས། །རྗེ་བཙུན་དམ་པ་དེ་རྣམས་ཀྱི། །གསུང་ལ་ཚད་མར་མི་བྱེད་པར། །རང་བཟོའི་གྱ་ཚོམ་སྨྲ་བ་ལ། །ཡིད་བརྟན་རུང་ངམ་ཤེས་ལྡན་དག །གཞན་ཡང་ཁྱེད་རྣམས་ལ་ལ་དག །ཁྲིད་ཀྱི་དཀར་ཆག་ས་པཎ་གྱིས། །མཛད་པ་མིན་ཏེ་ལྕང་ར་བ། །ཀུན་དགའ་རྒྱལ་མཚན་བྱས་སོ་ཞེས། །མངོན་སུམ་འཁྱོག་པོར་སྨྲ་མོད་ཀྱི། །དེས་ན་གསན་ཡིག་རྒྱ་མཚོ་རུ། །ཁྲིད་ཀྱི་དཀར་ཆག་ས་པཎ་གྱིས། །མཛད་པ་ཐོབ་པའི་བརྒྱུད་པ་ནི། །ཆོས་རྗེ་ཉིད་དང་ལོ་ཕུ་བ། །ཞེས་སོགས་ཡོད་ན་ཇི་སྐད་སྨྲ། །གཞན་ཡང་སྐལ་ལྡན་ཅིག་ཅར་ལ། །སྣང་གསུམ་ངེས་པར་མི་དགོས་པའི། །ཤུགས་ལ་སྐལ་དམན་རིམ་གྱིས་ལ། །ངེས་པར་དགོས་པ་ཁས་བླངས་པས། །རིམ་འཇུག་ལམ་རིམ་ཐམས་ཅད་ལ། །སྣང་གསུམ་ཡོད་པས་ཁྱབ་ལགས་སམ། །རིམ་གྱིས་འཇུག་ལ་སྐྱོན་བརྗོད་པའི། །རིགས་པ་རྣམས་ཀྱང་ལྟར་སྣང་ཞིང་། །བྱང་ཆུབ་སེམས་བསྐྱེད་མ་བྱས་པར། །སྔགས་ལམ་འཇུག་པ་མེད་ཅེས་པ། །ལམ་འབྲས་དུས་ཀྱི་དབང་བསྐུར་སྔོན། །སེམས་བསྐྱེད་སྔགས་ལུགས་ཞེས་བྱ་སོགས། །སྔར་སྲོལ་མེད་པའི་ཁྱད་ཆོས་རྣམས། །མ་བྱས་པ་ལ་སྐྱོན་བརྗོད་མོད། །དེས་ན་སྟ་གོན་དུས་སུ་སྔོན། །སེམས་བསྐྱེད་གུར་ནས་བཤད་པ་དང་། །དེ་ཡི་སྔོན་དུ་སེམས་བསྐྱེད་ཚུལ། །དབང་ཆུའི་ཚིག་གིས་ཟིན་གྱུར་ན། །དེ་དག་སེམས་བསྐྱེད་མིན་པ་འམ། །ཡིན་ཀྱང་དེ་འདྲའི་སེམས་བསྐྱེད་ཀྱིས། །གོ་མི་ཆོད་པར་སྨྲ་ན་ནི། །ཡན་གར་དབང་བསྐུར་བྱེད་ཚེ་