R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩ན
[A:༣༩ན]ཡང་། །སེམས་བསྐྱེད་ཁྱད་ཆོས་བྱེད་དགོས་པས། །རྗེ་བཙུན་རྣམས་ལ་རྒོལ་བའི་ཕྱིར། །དེ་ལ་བདག་གིས་ཅི་ཞིག་བྱ། །ཞེས་གསུངས་སོ། །དེ་དག་ལས། རྗེ་བཙུན་མཐུ་སྟོབས་དབང་ཕྱུག་གིས། །ཞེས་པ་ནས། ངེས་པར་དགོས་པར་གསུངས་པ་ཉིད། །ཅེས་པའི་བར་གྱིས་ནི་གོང་གི་དྲི་བ་དེའི་དངོས་ལན་བཏབ་པ་སྟེ། དེའང་རྣལ་འབྱོར་དབང་ཕྱུག་གི་གཞུང་རྡོ་རྗེའི་ཚིག་རྐང་གི་བརྗོད་དོན་ཉམས་སུ་ལེན་ཚུལ་འཇམ་དབྱངས་དྲུག་པ་བླ་མ་དམ་པའི་ཁྲིད་ཡིག་ལྟར་སྣང་གསུམ་གྱི་སྔོན་དུ་དབང་ངེས་པར་བསྐུར་ནས་བཀྲི་བའི་ཁྲིད་རིམ་འདི་གཙོ་བོར་སྐལ་ལྡན་ཅིག་ཅར་བའི་ལམ་རིམ་ཡིན་ཅིང་། སྐལ་དམན་རིམ་འཇུག་པ་ཡོད་ཀྱང་། །དེ་ལའང་སྣང་གསུམ་ཐོག་མར་དབང་བསྐུར་དགོས་པར་ལྗོན་ཤིང་དང་། དག་ལྡན། དབང་ཆུ་ཆེན་མོ། གང་ཟག་དབང་པོ་རབ་འབྲིང་གསུམ་དུ་བཀྲི་བའི་གཞུང་ཤིང་རྣམས་ལས་བཤད་ཅེས་པའི་དོན་དུ་སྣང་ལ། དེ་ནས། ཁྱེད་རྣམས་རྒྱུ་དུས་དབང་གི་སྔོན། །ཞེས་པ་ནས། དཀར་ཆག་ཏུ་གསུངས་ཇི་ལྟར་བགྲང་། །ཞེས་པའི་བར་ནི་ངོར་ལུགས་ལ་ཕར་འདྲི་བ་སྟེ། །དེའང་རྒྱུ་དབང་གི་སྔོན་དུ་སྣང་གསུམ་ངེས་པར་དགོས་ཟེར་བ་དེ་སྣང་གསུམ་སྔོན་དུ་མ་སོང་བར་དབང་བསྐུར་མི་རུང་བ་ཡིན་ནམ། དབང་བསྐུར་ཟིན་པ་ལ་སྣང་གསུམ་སྟོན་མི་རུང་བ་གང་ཡིན། དང་པོ་ལྟར་ན་དབང་ལོགས་སུ་བྱེད་པ་མེད་པར་འགྱུར། ཕྱི་མ་ལྟར་ན་ལམ་འབྲས་ཚར་གཉིས་འཆད་པའི་ཚེ་ཇི་ལྟར་བྱེད། ཁྱད་པར་རྒྱུད་གསུམ་གྱིས་བཀྲི་བའི་སྐབས་སུ། རྒྱུ་ཆོས་ཅན་འཁོར་བའི་གནས་ཚུལ་ཞེས་སོགས་སླར་ཡང་མ་དག་སྣང་