R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠ན
[A:༤༠ན]བསྐུར་བྱེད་པར་ཡང་གྲུབ་ཅེས་པའོ། །དེའི་རྗེས་སུ། ཁྱད་པར་སྣང་བ་གསུམ་གྱི་སྔོན། །ཞེས་པ་ནས། ཡིད་བརྟན་རུང་ངམ་ཤེས་ལྡན་དག །ཅེས་པའི་བར་ནི་སྣང་བ་གསུམ་གྱི་སྔོན་དུ་དབང་དགོས་པའི་རྒྱུ་མཚན་གཞན་འདོན་པ་སྟེ། དེའང་རྣལ་འབྱོར་དབང་ཕྱུག་གིས་ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས་སྣང་བ་གསུམ་དང་རྒྱུད་གསུམ་སོགས་ཀྱི་ཐོག་མར། བླ་མ་དམ་པའི་ཞབས་པད་བཏུད་དེ་ཞེས་གསུངས་པ་དང་། དེའི་དོན་གཞུང་བཤད་རྣམས་སུའང་ཐོག་མར་ཕྱི་ནང་གསང་བ་མཐར་ཐུག་གི་བླ་མ་བཞིས་དབང་བཞི་བསྐུར་ལམ་བཞི་བསྒོམས་པས་སྐུ་བཞི་འགྲུབ་པར་གསུངས་པ་སོགས་ཀྱི་བཤད་པ་རྒྱས་པར་མཛད་པས་ཀྱང་སྣང་གསུམ་གྱི་སྔོན་དུ་དབང་དགོས་པ་གྲུབ་ཅེས་པའི་དོན་དང་། དེ་ནས། གཞན་ཡང་ཁྱེད་རྣམས་ལ་ལ་དག །ཅེས་པ་ནས། སྣང་གསུམ་ཡོད་པས་ཁྱབ་ལགས་སམ། །ཞེས་པའི་བར་ནི་ངོར་ལུགས་ལ་འགལ་བ་བརྗོད་པ་སྟེ། དེའང་ཁྱེད་ལ་ལ་ཁྲིད་ཀྱི་དཀར་ཆག་འདི་ས་པཎ་གྱིས་མཛད་པ་མིན། ལྕང་ར་བ་ཀུན་དགའ་རྒྱལ་མཚན་གྱིས་བྱས་ཟེར་བ་ནི་གསན་ཡིག་རྒྱ་མཚོར། ཁྲིད་ཀྱི་དཀར་ཆག་ས་པཎ་གྱིས་མཛད་པ་ཐོབ་པའི་བརྒྱུད་པ་ནི་ཞེས་སོགས་གསུངས་པ་དང་འགལ་ཞིང་། གཞན་ཡང་སྐལ་ལྡན་ཅིག་ཅར་བ་ལ་སྣང་གསུམ་ངེས་པར་མི་དགོས་ཞེས་པའི་ཤུགས་ལ། རིམ་འཇུག་པ་ལ་དེ་ངེས་པར་དགོས་པ་ཁས་བླངས་པས་རིམ་འཇུག་པའི་ལམ་རིམ་ཐམས་ཅད་ལ་སྣང་གསུམ་ངེས་པར་ཡོད་དགོས་སམ་ཞེས་པའི་དོན་ནོ། །དེ་ནས། རིམ་གྱིས་འཇུག་པའི་སྐྱོན་བརྗོད་པའི། །ཞེས་པ་ནས། དེ་ལ་བདག་གིས་ཅི་ཞིག་བྱ། །ཞེས་པའི་