R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠བ
[A:༤༠བ]བར་ནི་གོང་དུ་བཀོད་པའི་དྲི་ཚིག་ཏུ། ངེས་པར་འབྱུང་བའི་བློ་ཙམ་ཡང་། །ཞེས་སོགས་ཀྱིས་ལན་འདོན་པ་སྟེ། །དེའང་དབང་གི་སྔོན་དུ་ཁྱོད་འདོད་པའི་རྒྱུད་སྡེ་ནས་བཤད་པའི་སེམས་བསྐྱེད་སྔགས་ལུགས་ཟེར་བ་དེ་མ་བྱས་པ་རྒྱུ་མཚན་དུ་བཀོད་ནས་ཁོ་བོ་ཅག་ལ་སྐྱོན་བརྗོད་མོད།
དབང་གི་སྟ་གོན་གྱི་དུས་སུ་སེམས་བསྐྱེད་གུར་ནས་བཤད་པ་བཞིན་བྱས་པ་དེས་སེམས་བསྐྱེད་ཀྱི་གོ་མི་ཆོད་ན། ཡན་གར་དབང་བྱེད་བའི་ཚེའང་ཁྱེད་འདོད་པའི་སེམས་བསྐྱེད་དེ་བྱེད་དགོས་པར་འགྱུར་བས་དེ་ནི་རྗེ་བཙུན་གོང་མ་རྣམས་ལ་རྒོལ་བར་སོང་ཞེས་པའི་དོན་ནོ། །ཡང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་དྲི་བ་གཉིས་པ་ནི་གོང་གི་དྲི་བའི་གསུང་དེ་ཉིད་ལས། ཐུན་མོང་ལམ་གྱི་སྔོན་འགྲོ་རུ། །དབང་བསྐུར་ངེས་པར་དགོས་པ་མཚར། །སྣང་གསུམ་ཐུན་མོང་ལམ་མིན་ན། །སྔགས་ལམ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་བ་ནེ་ཙོའི་འདོན་པ་སྟེ། །མདོ་སྡེའི་སྙིང་པོ་གང་ལ་བྱེད། །སྔགས་ལམ་ཡིན་ན་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །གྲོལ་ལམ་ཡིན་ན་ལྟ་བ་ཡི། །རྒྱས་ཐེབས་རིམ་གཉིས་འཁོར་བཅས་ལས། །རྒྱུད་གཞུང་ཀུན་ནས་བཤད་པ་མེད། །རིམ་གཉིས་གང་དུ་འདུ་བ་སྨྲོས། །ཁྲིད་ཚུལ་གཉིས་ཀ་མ་ཡིན་པའི། །ལམ་འབྲས་ཕུང་པོ་གསུམ་པ་ཞིག །རྒྱུད་གཞུང་དགོངས་པར་འཆད་ནུས་སམ། །ཞེས་གསུངས། དེའི་དོན་ཡང་སྣང་གསུམ་མདོ་སྔགས་ཐུན་མོང་བའི་ལམ་ཡིན་པས་དེའི་སྔོན་འགྲོ་ལ་དབང་བསྐུར་བས་ངེས་པར་བྱེད་པ་མཚར་ཆེ། ཅི་སྟེ་སྣང་གསུམ་མདོ་སྔགས་ཐུན་མོང་བའི་ལམ་མིན་ཟེར་ན། འོ་