R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]རྒྱུན་གཉིས་པ་ནི་ཀྱཻ་རྡོ་རྗེའི་རྒྱུད་ཀྱི་མཚན་དང་། འགྱུར་དང་བླ་མ་བརྒྱུད་པ་སོགས་ངོར་ལུགས་དང་མི་མཐུན་པ་དག་ལ་མཐའ་དཔྱོད་མཛད་པ་ཞིག་སྟེ། རྒྱུད་དང་མན་ངག་གཉིས་ཀྱི་ནང་ནས་གཙོ་བོར་རྒྱུད་འགྲེལ་གྱི་ཕྱོགས་སོ། །ཆུ་རྒྱུན་གསུམ་པ་ནི་ཐེག་ཆེན་ཆོས་རྗེའི་ཌོམྦི་ལུགས་ཀྱི་ཀྱེ་རྡོར་གྱི་སྒྲུབ་དཀྱིལ་གཉིས་ཀྱི་རྩོད་སྤོང་དུ་སྣང་ལ། ཆུ་རྒྱུན་བཞི་པ་ནི་གཙོ་བོར་གསུང་ངག་ལམ་འབྲས་ཀྱི་ཕྱག་ལེན་འགའ་ཞིག་ལས་བརྩམས་ཏེ་ངོར་ལུགས་ལ་བརྒལ་ཞིང་བརྟགས་པའོ། །བསྒྲུབ་པ་བཞིའི་དང་པོ་ནི་གོང་མའི་བཀའ་བསྒྲུབ་པ། གཉིས་པ་ནི་འཕགས་པའི་བཞེད་པ་བསྒྲུབ་པ། གསུམ་པ་ནི་ཆོས་རྗེ་བླ་མའི་བཞེད་པ་བསྒྲུབ་པ། བཞི་པ་ནི་ཕྱག་ལེན་བསྒྲུབ་པ་ཡིན་ཅིང་། དེ་བཞི་དང་ཆུ་རྒྱུན་ཕྱི་མ་གསུམ་ངོར་ལུགས་ལ་ཆེད་དུ་བརྒལ་བ་གཙོ་ཆེའང་། གཞན་རྣམས་ལ་ངོར་ལུགས་ཀྱི་བརྒྱུད་འཛིན་རྣམས་ཀྱིས་ལན་མཛད་པ་ནི་མ་མཐོང་ལ། ཆུ་རྒྱུན་བཞི་པ་དང་བསྒྲུབ་པ་དང་པོ་ལ། ངོར་པའི་མཁས་པ་དག་གིས་ལན་གྱི་རིམ་པ་མང་དུ་སྣང་ངོ་། དེའང་ཆུ་རྒྱུན་བཞི་པར། སེམས་བསྐྱེད་བརྒྱུད་པ་མེད་པ་དང་། །རྗེས་བཟུང་གྲངས་ངེས་མེད་པ་དང་། །སྟ་གོན་འབྲེལ་པ་མེད་པ་དང་། །སློབ་དཔོན་གྲངས་ངེས་མེད་པ་དང་། །ལུས་དཀྱིལ་འབྱུང་ཁུངས་མེད་པ་དང་། །དབང་རྫས་ཡོངས་དག་མེད་པ་དང་། །རྒྱས་གདབ་རིགས་མཚོན་མེད་པ་དང་། །བཟའ་བའི་དམ་ཚིག་མེད་པ་ཡིས། །འདི་ན་ཐབས་མཆོག་ཐབས་མིན་བྱེད། །སྨིན་བྱེད་བྱས་ཀྱང་སྨིན་མིན་ལ། །གྲོལ་བྱེད་བསྒོམ་ཡང་གྲོལ་མིན་པས། །དེ་ཕྱིར་འདི་དག་དགག་པར་བྱ། །ཞེས་ངོར་ལུགས་ཀྱི་བཞེད་པ་མི་འཐད་པའི་ཕྱོགས་