R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡ན
[A:༤༡ན]ན་དེ་སྔགས་ལམ་ཁོ་ན་ཡིན་ན་གསུང་ངག་ལམ་འབྲས་འདི་མདོ་རྒྱུད་མ་ལུས་པའི་སྙིང་པོ་བསྡུས་པའི་ཉམས་ལེན་མིན་པར་འགྱུར་བ་དང་། དེར་མ་ཟད་རིམ་གཉིས་ཡན་ལག་དང་བཅས་པ་ལས་གཞན་པའི་བླ་མེད་ཀྱི་སྔགས་ལམ་མ་བཤད་པས་སྣང་གསུམ་དེ་ཉིད་གང་དུ་འདུ་བ་ཡིན། དེས་ན་སྐལ་ལྡན་ཅིག་ཅར་བ་དང་རིམ་འཇུག་པ་གཉིས་ཀྱི་ལམ་གྱི་བཀྲི་ཚུལ་གང་ཡང་མ་ཡིན་པའི་ལམ་འབྲས་ཀྱི་ཁྲིད་ཚུལ་ཕུང་པོ་གསུམ་པ་ཞིག་འདོད་ནུས་སམ་ཞེས་འདྲི་བ་ཡིན་ལ། དེའི་ལན་དུ་ཆོས་རྗེ་བྱང་ཆུབ་དབང་རྒྱལ་གྱིས་མགོ་མཚུངས་དང་། རྣལ་མའི་ལན་གཉིས་སུ་མཛད་ནས་དང་པོ་ལ། དེ་ལ་སྣང་བ་གསུམ་པོ་ནི། །ཐུན་མོང་ལམ་ཡིན་ཤེས་བྱེད་མེད། །ཡོད་ན་སྔགས་ལམ་ཡིན་ནམ་ཅི། །སྔགས་ལམ་ཡིན་ན་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །ཞེས་སོགས་སྐྱོན་བརྗོད་ཐམས་ཅད་ཀྱང་། །རང་ལ་ལོག་པ་མ་ཡིན་ནམ། །དེ་ལྟར་མིན་ན་སྣང་བ་གསུམ། །མདོ་ལམ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་ན་ནེ་ཙོའི་འདོན་པ་སྟེ། །སྔགས་ཀྱི་སྙིང་པོ་གང་ལ་བྱེད། །གཞན་ཡང་ལམ་འབྲས་ལམ་རིམ་འདི། །སྔགས་ལམ་ཡིན་ཕྱིར་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །གྲོལ་ལམ་ཡིན་ན་ལྟ་བ་ཡི། །རྒྱས་ཐེབས་རིམ་གཉིས་འཁོར་བཅས་ལས། །རྒྱུད་གཞུང་ཀུན་ལས་བཤད་པ་མེད། །རིམ་གཉིས་གང་དུ་འདུ་བ་སྨྲོས། །རྫོགས་རིམ་ཡིན་ན་ཐབས་རྒྱུད་ཀྱི། །བུམ་དབང་ལམ་དེ་གང་དུ་འགྱུར། །སྲིན་བུའི་ཁ་ཆུས་སྲིན་འབུ་བཞིན། །རང་གི་ཚིག་གིས་རང་ཉིད་ནི།