R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢ན
[A:༤༢ན]ལུགས། །ཞེས་གསུངས་སོ། །དེ་ལྟར་གཉིས་ཀྱི་ནང་ནས་མགོ་སྒྲེའི་ལན་ནི་རྟོགས་པར་སླ་ལ། རྣལ་མའི་ལན་དེ་དག་གི་དོན་མདོར་བསྡུ་ན་སྣང་གསུམ་ལམ་འབྲས་ཀྱི་ཁྲིད་ཡིན་པས་ཐུན་མོང་མ་ཡིན་པའི་ཁྲིད་ཡིན་ཅིང་། སྣང་བ་གསུམ་གྱི་ཉམས་སྣང་གི་རྣལ་འབྱོར་པ་ལ་ཐོས་བསམ་དང་བསླབ་པས་རྒྱུད་སྦྱངས་པ་དབང་གིས་རྒྱུད་དག་པ་སོགས་དགོས་པར་བཤད་ལ། ཉམས་བཅོ་ལྔ་པོ་རྣམས་ཀྱང་ཐུན་མོང་མ་ཡིན་པའི་ཉམས་ཡིན་པས་དབང་མ་བསྐུར་བར་དེ་དག་བསྟན་ན། གསང་སྒྲོག་འབྱུང་། ཅི་སྟེ་ཉམས་བཅོ་ལྔ་པོ་ཐུན་མོང་བའི་ལམ་ཡིན་ན་མདོ་སྡེའི་གཞུང་གང་ནས་བཤད། ཁྱད་པར་རྗེ་བཙུན་གྱིས་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་ཏུ། ཐོག་མར་སྣང་བ་གསུམ་གྱིས་བཀྲི། དེའི་རྗེས་ཁོ་ན་ལ་རྒྱུད་གསུམ་གྱིས་བཀྲི་བར་གསུངས་ན། དེ་གཉིས་ཀྱི་བར་དེར་རྒྱུ་དབང་བྱེད་པ་དེ་སུའི་ལུགས་ཡིན་ཅེས་པའི་དོན་ནོ། །ཡང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་དྲི་བ་གསུམ་པ་ནི། སྣང་གསུམ་ལམ་གྱི་བཞི་བཅའ་བ། །རང་རྐང་ཚུལ་དུ་འཆད་པ་ཡི། །ཁྱད་པར་གང་ཡིན་གསལ་པོར་སྨྲོས། །གཞི་བཅའ་ཞེས་པའི་ངེས་ཚིག་ཅི། །ཞེས་པ་ཡིན་ལ། དེའི་ལན་ལ་བྱང་ཆུབ་དབང་རྒྱལ་གྱིས། ཟེར་མོད་གཞི་བཅའ་རང་རྐང་གཉིས། །གོ་རིམས་ཇི་བཞིན་བཀྲི་བ་དང་། །རྐང་འདོན་ཚུལ་དུ་བཀྲི་བ་ཡི། །སོ་སོའི་སྐབས་སུ་ཤེས་བྱ་ཞིང་། །གཞི་ཡིས་ངེས་ཚིག་ཡོད་པ་ཡི། །ལམ་ངོས་མིན་པར་ཁས་ལེན་ན། །རྒྱུད་གསུམ་བཀྲི་བའི་སྐབས་སུ་གཞི། །དམ་ཚིག་ལ་གནས་ཞེས་གསུངས་པས། །དམ་ཚིག་ཉི་ཤུ་ལམ་མིན་པར། །ཁས་ལེན་དགོས་པ་མ་ཡིན་